R202: རྣལ་འབྱོར་འཇམ་དཔལ་བཟང་པོ་རྣམ་ཐར།

  • Pagination (Witness A): ༤༨༥
[A:༤༨༥]རང་བདེ་ལ་ཆགས་པ། །སྡིག་དང་སྡུག་བསྔལ་བཞིན་བཅོམ་ནས། །གཞན་བདེ་སྒྲུབ་ལ་ཡོན་ཏན་ལྟར། །ནམ་ཡང་ངོམས་པ་མེད་འདི་ཅི། །རྟག་ཏུ་འགྲོ་ལ་སྨན་མཛད་པའི། །ཁྱོད་མཚུངས་བྱེད་པོ་རྨོངས་པ་དེས། །ཅི་ཡང་བྱས་པར་མ་གྱུར་པས། །དཔེ་ཡིས་ཀྱང་ནི་ཤིན་ཏུ་དབུལ། །དམ་པའི་དོན་དུ་སྲིད་ཞི་གཉེས། །མཉམ་པ་ཉིད་དུ་རབ་གཟིགས་པས། །འདིར་སྣང་འཇིག་རྟེན་ཆོས་བརྒྱད་ཀྱི། །རྫུན་རིས་དབང་པོའི་གཞུ་བཞིན་ཡལ། །བསྟན་པའི་ཉིང་ཁུ་གསང་སྔགས་ཀྱི། །སྤྱོད་ཚུལ་གསེར་གྱི་འཁོར་ལོ་ཡིས། །ཅིར་སྣང་ལྷན་སྐྱེས་ཡེ་ཤེས་ཀྱི། །འཁོར་དུ་སྡུད་པའི་དགེ་མཚན་ངོམས། །ལས་དང་ཉོན་མོངས་ཀྱིས་བསྐྱེད་པའི། །ཐ་མལ་སྣང་བས་རབ་དབུལ་ཡང༌། །དངོས་ཀུན་ལྷ་སྔགས་ཡེ་ཤེས་སུ། །འཆར་བའི་འབྱོར་པ་ཤིན་ཏུ་མཐོ། །སྙིང་པོའི་བསྟན་པ་རབ་འཛིན་པ། །ཁྱོད་འདྲ་གཞན་ན་མ་དམིགས་པས། །རྣལ་འབྱོར་དབང་ཕྱུག་ཡབ་སྲས་ཀྱང༌། །དགྱེས་པས་འབྲལ་མེད་བཞུགས་སམ་སྙམ། །མགོན་ཁྱོད་གསུང་ངག་ལམ་འབྲས་ཀྱི། །བསྟན་པའི་བདག་པོར་ངེས་རྙེད་ནས། །བརྒྱུད་པའི་བླ་མ་ཐམས་ཅད་ཀྱང༌། །ཤིས་པ་བསྒྲུབ་ཕྱིར་བྱོན་མིན་ནམ། །ཇི་བཞིན་གཟིགས་པའི་ཉིན་བྱེད་ཀྱིས། །འགྲོ་འདིའི་བློ་མུན་རབ་བསལ་བས། །ཕྱོགས་ཀྱི་བུ་མོ་སྨིན་ལེགས་མས། །བསྔགས་པའི་རྒྱུད་མངས་ཅི་ཡང་བསྒྲེངས། །ངོ་མཚར་གྲུབ་པའི་རོལ་རྩེད་ཀྱིས། །སྐལ་བཟང་སྤྲོ་བ་སྐྱེད་བསྲིངས་པས། །འབྲེལ་ཚད་དོན་དང་ལྡན་པ་རུ། །ངེས་པའི་ཀ་བ་སྙིང་ལ་ཚུགས། །མགོན་ཁྱོད་ཡོན་ཏན་གྱིས་འབྱོར་ཡང༌། །འཁོར་བའི་སྐྱོན་གྱིས་ཤིན་ཏུ་དབུལ། །ཆེ་རྒུའི་གཙུག་ན་རབ་འཛེགས་ཀྱང༌། །དམན་པའི་བརྟུལ་ཞུགས་ཁོ་ན་འཛིན། །གང་གིས་ཡོན་ཏན་སྐྱོན་བཞིན་དུ། །སྦས་ཀྱང་གྲགས་པས་མཁའ་ལྟར་ཁྱབ། །ཉིན་བྱེད་