[A:༤༨༦]ཆུ་འཛིན་གྱིས་བསྒྲིབས་ཀྱང༌། །འོད་ཀྱིས་འཇིགས་རྟེན་གསལ་བཞིན་མཛེས། །དེ་སླད་གང་གི་ཡོན་ཏན་ནི། །རྒྱ་མཚོ་བས་ཀྱང་ཤིན་ཏུ་ཟབ། །རི་རབ་མཆོག་ལས་རྣམ་པར་མཐོ། །ལྷ་ཡུལ་ལས་ཀྱང་ངོ་མཚར་ཆེ། །ཁྱོད་ཀྱི་རྣམ་ཐར་ཐུབ་དབང་ལྟར། སྐྱོན་བྲལ་ཡོན་ཏན་ལྡན་མཐོང་ནས། །བསམ་བཞིན་དད་པའི་པདྨོ་ནི། །ཉིན་བཞིན་རྒྱས་པ་ཁོ་ནར་གྱུར།། །།སྤྱི་དོན་བདུན་པ་མཐར་གདུལ་བྱ་རྟག་འཛིན་ཅན་དང་ལེ་ལོ་ཅན་རྣམས་ཆོས་ལ་བསྐུལ་བའི་སླད་དུ་གཟུགས་སྐུའི་བཀོད་པ་ཆོས་ཀྱི་དབྱིངས་སུ་བསྡུས་ཀྱང་སེམས་ཅན་གྱི་དོན་རྒྱུན་མི་འཆད་པའི་ཚུལ་ནི། བདག་ཅག་གི་དཔལ་ལྡན་བླ་མ་དམ་པ་བཀའ་དྲིན་འཁོར་མཐའ་དང་བྲལ་བ་འདིས་ནི་དགུང་གྲངས་དོན་དྲུག་ཏུ་མ་ཕེབས་ཀྱི་བར་ལ་བསྟན་པ་དང་སེམས་ཅན་གྱི་དོན་རྒྱ་ཆེན་པོ་མཛད་དེ། སྲས་ཀྱི་ཐུ་བོ་རྣམས་ནི་ཡོན་ཏན་བསམ་གྱིས་མི་ཁྱབ་པའི་ཕུང་པོར་བྱིན་གྱིས་བརླབས་ཏེ་མཐའ་ཡས་པའི་སེམས་ཅན་ཐམས་ཅད་སྲིད་པའི་རྒྱ་མཚོ་ཆེན་པོ་ལས་སྒྲོལ་བའི་འདྲེན་པ་དམ་པར་མངའ་གསོལ། འགའ་ཞིག་ནི་མ་འོངས་པ་ན་འགྲོ་བ་འདྲེན་པའི་ནུས་པ་དང་ལྡན་པར་མཛད། གཞན་ཡང་སྐུ་མཐོང་བ་དང༌། གསུང་ཐོས་པ་དང༌། མཚན་ཙམ་ཡིད་ལ་བྱེད་པ་དང༌། སྐུའི་གྲིབ་མ་ཕོག་པ་ཚུན་ཆད་ཀྱི་སེམས་ཅན་ཐམས་ཅད་ཀྱང་ཕན་པ་དང་བདེ་བ་འབའ་ཞིག་ལ་འགོད་པར་མཛད་པ་སོགས་སྐུ་དངོས་ཀྱིས་གདུལ་བར་འོས་པ་རྣམས་ནི་ལེགས་པར་བཏུལ། ད་ནི་བདག་ཅག་སྐལ་དམན་རྣམས་ཀྱི་བསོད་ནམས་ཀྱི་བགོ་སྐལ་རེ་ཞིག་དེ་ཙམ་དུ་ཟད་པ་དང༌། སྐུའི་བཀོད་པ་གཞན་གྱིས་སེམས་ཅན་གྱི་དོན་རྒྱ་ཆེན་པོ་མཛད་པའི་དུས་ལ་བབ་པར་གཟིགས་ནས་ཡོངས་སུ་མྱ་ངན་ལས་འདའ་བའི་ཚུལ་སྟོན་པར་བཞེད་དེ། དེའང་སྔར་དགུང་གྲངས་ལྔ་བཅུ་དང་དྲུག་ཅུའི་ནང་དུ་ཕེབས་པའི་སྐབས་རྣམས་སུ་རྗེའི་ཞལ་ནས། ལོ་བདུན་ཅུ་དོན་གྲངས་ཙམ་ཐུབ་ན་མི་ཚེ་