R202: རྣལ་འབྱོར་འཇམ་དཔལ་བཟང་པོ་རྣམ་ཐར།

  • Pagination (Witness A): ༤༨༤
[A:༤༨༤]བརྟེན་ནས་སྡིག་པ་གསོག་པ་དེ་ལྟ་བུའི་རིགས་གཏན་ནས་མི་མཛད་པ་ཐམས་ཅད་ལ་མངོན་སུམ་ཚད་མས་གྲུབ་པ་དང༌། ལྷག་པར་ཡོན་ཏན་གྱིས་ཁྱད་པར་དུ་བྱས་པའི་སྡེ་སྣོད་འཛིན་པ་དང༌། རྒྱུད་སྡེ་འཛིན་པ་རྣམས་ལ་ཞེ་ས་དང་བཀུར་སྟི་ཕུན་སུམ་ཚོགས་པའི་སྒོ་ནས་གཟེངས་བསྟོད་ཅིང༌། དེ་དག་གི་ཡོན་ཏན་སྒྲོགས་པ་དང༌། རང་ཉིད་སྤངས་པ་དང་རྟོགས་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་ལ་དབང་འབྱོར་ཞིང་ཆེ་རྒུ་ཐམས་ཅད་ཀྱི་གཙུག་གི་ནོར་བུས་ཞབས་ཀྱི་པདྨོ་ལ་བཏུད་པར་གྱུར་ནའང་ཁེངས་པ་དང་དྲེགས་པ་ལྟ་ཅི། དམན་པའི་བརྟུལ་བཞུགས་ཁོ་ན་འཛིན་པ་ཡིན་ཏེ་ཞལ་ནས་ཀྱང༌། ང་ལ་སྤངས་རྟོགས་ཀྱི་ཡོན་ཏན་ཅིའང་མེད་མོད། སྔོན་ལས་ཀྱིས་ཨེ་ཝྃ་པའི་མཁན་པོ་སོགས་བྱེད་དགོས་བྱུང་བ་ཡིན་གསུང་བ་སོགས་མདོར་ན་རྣམ་པར་ཐར་པ་ཕྱོགས་གང་ནས་གཞིག་ཀྱང་སྐྱོན་གྱི་རྣམ་པ་ཅུང་ཟད་ཀྱང་མི་མངའ། རྒྱུ་མཚན་དེའི་ཕྱིར་ན་སྐུ་མཐོང་བ་དང༌། གསུང་ཐོས་པ་དང༌། མཚན་ཙམ་ཡིད་ལ་དྲན་པ་ཚུན་ཆད་ཀྱང་ཕན་པ་དང་བདེ་བ་འབའ་ཞིག་ལ་སྦྱོར་བར་མཛད་པའི་འབྲེལ་ཚད་དོན་ལྡན་ཆེན་པོར་བཞུགས་ཤིང༌། སངས་རྒྱས་དངོས་འཇིག་རྟེན་དུ་བྱོན་པ་དང་ཁྱད་པར་ཅིའང་མེད་ཅིང༌། གདུལ་བྱ་རྣམས་ལ་སངས་རྒྱས་ཀྱི་མཛད་པ་མཐའ་དག་ཀྱང་མཛད་པའི་ཕྱིར། བཀའ་དྲིན་གྱི་ངོས་ནས་སངས་རྒྱས་ལས་ཀྱང་ཆེས་ཆེར་ལྷག་པར་གྱུར་པ་ཡིན་ནོ། །ལུང་དང་རྟོགས་པས་རབ་བསྡུས་པའི། །བསྟན་པའི་རྩ་བ་སོ་ཐར་ཏེ། །ཡོན་ཏན་རིན་ཆེན་ཐམས་ཅད་ཀྱི། །འབྱུང་གནས་རིན་ཆེན་འབྱུང་གནས་བཞིན། །དེ་སླད་བག་ཡོད་ར་བ་ཡིས། །ཡོངས་བསྐོར་ཚུལ་ཁྲིམས་ཁང་བཟང་ནི། །དུས་ཀུན་ཉེས་སྤྱོད་ཆོམ་པོ་དང༌། །བྲལ་བའི་སྡོམ་པ་ལྷ་ཡུལ་བཞིན། །བཟོད་ནས་བྱང་ཆུབ་སྤྱོད་མཆོག་ལ། །མཛའ་བའི་སྐུད་པ་དཀར་པོ་ཡིས། །རྟག་ཏུ་བཙེམས་པའི་བྱང་ཆུབ་སེམས། །གཞར་ཡང་མེད་པ་ཉིད་མི་འགྱུར། །ཁྱོད་ཀྱིས་