R202: རྣལ་འབྱོར་འཇམ་དཔལ་བཟང་པོ་རྣམ་ཐར།

  • Pagination (Witness A): ༤༩༠
[A:༤༩༠] རྗེ་རང་གིས་ནི་དུས་ལ་བབ་ཞབས་བརྟན་གྱིས་ཀྱང་ཕན་པ་མེད་ཚུལ་བཀའ་ཕེབས་པ་དང༌། དབོན་མཛོད་མཆོག་ནས་ནད་པ་ཤིན་ཏུ་ཐུ་བ་འགའ་རེར་རིམ་གྲོ་ཚབས་ཆེན་བྱས་པས་སླར་འཆི་མགྱོགས་རྐྱེན་བྱེད་པ་འདྲའང་ཡོང་འདུག་ཚུལ་རང་བཞིན་ཞུས་སོང་བས། རྗེ་རང་གིས་ཀྱང་རྒྱབ་སྐྱོར་མཛད་དེ། ད་རིམ་གྲོ་མང་པོ་བྱས་ཀྱང་འཆི་འགྱོགས་རྐྱེན་ལས་མི་ཡོང་ཞེས་ཡང་ཡང་བཀའ་སྩལ་རུང༌། བདག་གིས་མཆོད་འབུལ་ཞབས་བརྟན་ཞིག་བསྒྲུབས་ན་ལེགས་ཚུལ་ཞུས་ཏེ་ལྷ་ཁང་ཁག་རྣམས་རེ་མོས་ཀྱི་ཟླ་བ་གཅིག་དང་ཞག་ལྔའི་བར་ལ་ཉིན་རེ་བཞིན་རྣམ་གསུམ་བརྒྱ་མཆོད་དང་བཅས་ཏེ་དགེ་སློང་བཟང་གྲས་བཅུ་གཅིག་རེས་བླ་མ་མཆོད་པ་དང༌། སྨན་བླའི་ཆོ་ག་དང༌། ཚེ་ལྷ་རྣམ་གསུམ་གྱི་ཆོ་ག་དང༌། ཀུན་རིག་ཆོ་ག་དང༌། གནས་བརྟན་ཆོ་ག་དང༌། སྒྲོལ་མ་མཎྜལ་བཞི་ཆོག་སོགས་བགྱིས་པ་དང༌། ཨེ་ཝྃ་པའི་གཙུག་ལག་ཁང་དུའང་སྔ་ཕྱིར་འདུས་ཚོགས་ཀྱིས་ཚེ་ཆོག་ལན་གསུམ་ཙམ་དང༌། གཞན་ཡང་བདུད་ཟློག་དང༌། བརྒྱ་བཞི་ལ་སོགས་པ་ཞབས་བརྟན་ཆུང་ཆུང་གི་རིགས་ཤིན་ཏུ་མང་བར་བསྒྲུབས་རུང་སྐུ་ཁམས་ལ་དྭངས་བསྐྱེད་དུ་མངོན་པ་ཅིའང་མི་སྣང༌། ཁྱད་པར་དགུང་གྲངས་དོན་དྲུག་ཏུ་ཕེབས་པ་ཤིང་བྱི་ཧོར་ཟླ་གཉིས་པའི་འཇུག་ནས་བཟུང་སྙུན་གཞི་ཅུང་ཟད་གདངས་ཚུལ་བཞེས་ཤིང༌། འཚོ་བྱེད་པ་རྣམས་ནས་ཀྱང་དེ་སྔོན་བླ་རྩར་སྡོད་ཅུང་ཟད་ཡོད་ཀྱང༌། ད་སྡོད་ཆེར་མ་མཆིས་པས་ལོ་གཅིག་གཉིས་ཞབས་པད་བརྟན་པ་འདྲ་ཞེས་ཟེར་མོད། རྗེ་རང་གིས་ནི་ད་ལོ་ཚོད་སོགས་གང་ལ་གཞིག་ཀྱང་དུས་ལ་བབ་པ་ཡིན་པས་ཟླ་བ་གཅིག་གཉིས་ལས་ཨེ་སྡོད་མི་ཤེས། སྡེ་དགེ་ཆོས་རྒྱལ་ཆེན་པོའི་བསྟན་སྲིད་ལ་ཉག་དགྲས་འཚེ་བ་འདི་རང་སེམས་ཁྲལ་ཆེ། གཞན་ད་ཤི་རུང་འགྱོད་པ་ཏིལ་འབྲུ་ཙམ་ཡང་མེད། ཁམས་བཞུགས་མཆོག་སྤྲུལ་འཇམ་དབྱངས་མཁྱེན་