R202: རྣལ་འབྱོར་འཇམ་དཔལ་བཟང་པོ་རྣམ་ཐར།

  • Pagination (Witness A): ༤༨༩
[A:༤༨༩]བྱ་གཏོལ་མེད་དུ་གྱུར་ཏེ་གཙུག་ལག་ཁང་དུ་འདུས་ཚོགས་ཀྱིས་ཞབས་བརྟན་ཚེ་ཆོག་དང༌། གཞན་ཡང་བདུད་ཟློག་དང་བརྒྱ་བཞི་སོགས་མང་དུ་བགྱིས་པ་དང༌། སྨན་པ་སོ་སོ་ནས་ཀྱང་གསོལ་སྨན་སྒོ་གང་ཟབ་ནས་ཕུལ་བས་ཞག་དྲུག་བདུན་ཙམ་ནས་ཕྲན་བུའི་སྐུ་ཁམས་ཇེ་དྭངས་སུ་གྱུར་མོད། འོན་ཀྱང་སྙུན་གཞི་གསིང་དྭངས་ཞིག་ནི་གཏན་ནས་འོང་རྒྱུ་མི་སྣང་བས། རེས་སྙུན་གཞི་ཆེར་མེད་ཀྱང་གསོལ་ཆས་ལ་དྭང་ག་མེད་པ་དང༌། རེས་མཁལ་གྲང་གི་རྣམ་པ་ལྟ་བུ་དང༌། རེས་ཞབས་འབམ་གྱི་རྣམ་པ་ལྟ་བུ་སོགས་རེས་འཇོག་ཏུ་སྣང་ཞིང༌། གཞན་ཡང་དེ་སྐབས་རྣམས་སུ་དགོན་པའི་ཉེ་སྐོར་དུ་ཝ་བརྒྱལ་བ་དང༌། སྤྱང་ཀི་རྒྱུགས་པ་དང༌། ཕྱོགས་གཞན་དུ་ཁང་པ་ཡང་བསྒྱེལ་སྐད་ཀྱི་དུས་མ་ཡིན་པའི་རླུང་ཆེན་པོ་ལྡང་བ་སོགས་དང༌། ཁྱད་པར་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་འཛིན་ཞི་བར་གཤེགས་པ་ནས་བཟུང༌། ལམ་འབྲས་ལྷ་ཁང་དུ་བཞུགས་པའི་ངོར་ཆེན་རྡོ་རྗེ་འཆང་གི་འདྲ་སྐུ་རིན་པོ་ཆེའི་ཞལ་མདངས་དུས་རྒྱུན་ལྟ་བུ་ཅུང་འོང་རྒྱུ་མི་སྣང་ཞེས་ཐམས་ཅད་ཀྱིས་ཟེར་ལ། ལྷག་པར་འདི་ལོ་ཧོར་ཟླ་བརྒྱད་པ་དང་དགུ་པའི་ནང་ངོར་ཆེན་གྱི་འདྲ་སྐུ་རིན་པོ་ཆེར་སྤྱན་ཆབ་བསིལ་བའི་རྗེས་ལྟ་བུ་དོད་པ་དང༌། གཞན་ཡང་ཁམས་བོད་ཀུན་ཏུ་དུས་ཀྱི་འཁྲུགས་རྩོད་མི་བཟད་པ་ལངས་པ་སོགས་མི་དགེ་བའི་ལྟས་མང་དུ་བྱུང་ཞིང༌། དེ་ནི་འཇིག་རྟེན་གྱི་ཕན་པ་དང་བདེ་བ་ཐམས་ཅད་ནི་གང་ཟག་དམ་པ་འདི་དང་འདི་ལྟ་བུའི་བསོད་ནམས་ཀྱི་མཐུ་ལས་བྱུང་བ་ཡིན་ལ། དེ་ཉིད་གཞན་དུ་བཞུད་པར་དགོངས་པ་ན་འདི་ལྟ་བུའི་སྔ་ལྟས་འབྱུང་བ་ཆོས་ཉིད་ཡིན་ཏེ་བྱང་ཆུབ་སེམས་དཔའི་སྐྱེས་རབས་དང༌། སྔོན་གྱི་གང་ཟག་དམ་པ་རྣམས་ཀྱི་རྟོགས་པ་བརྗོད་པ་རྣམས་སུའང་དེ་ལྟར་བྱུང་བའི་ཚུལ་མང་དུ་བཤད་པའི་ཕྱིར་རོ། །དེ་ནས་བདག་གིས་ཞབས་བརྟན་འདྲ་བསྒྲུབས་ན་ཞུས་ཀྱང༌།