[A:༤༩༡]སྐུ་འཆག་ཀྱང་མང་དུ་མཛད་སོང་བས། ཕྲན་བུའི་སྐུ་འཁྲུགས་ལྟ་བུ་བྱུང་བ་ཡིན་ནམ། གཞན་སྐུ་ཁམས་ལ་གནོད་རྐྱེན་ནི་ཅིའང་མེད་མོད། ཕྱི་ཉིན་ཚེས་དགུའི་ཉིན་གསང་ཆབ་ཀྱང་འབབ་མི་ཐུབ་པ་དང༌། སྐུ་གཟུགས་ལ་ཚ་དྲོད་ཆེ་བ་སོགས་སྙུན་གཞི་ཚ་ཆུ་ལྟ་བུས་ཤིན་ཏུ་སྐུ་བསྙེལ་བའི་ཚུལ་བསྟན། བདག་སྐུ་མདུན་དུ་ཕྱིན་པས། འོ་ད་ནི་འགྲོ་རན་སོང་ངོ༌། །དེ་རིང་ནད་ཀྱང་སྡུག་ཏུ་སོང་འདུགས་ཅེས་བཀའ་སྩལ་བས། བདག་ཅག་ནི་རྟབ་རྟབ་པོར་གྱུར་ཏེ། དེ་སྔོན་སྐུ་ཁམས་བདེ་སྐབས་ཡིན་གཤིས་འཚོ་བྱེད་རྣམས་ཀྱང་བསྡད་མེད་པས་གཞིས་རྩེར་སྨན་པ་འབོད་དུ་བཏང་བ་དང༌། ཞབས་བརྟན་འགའ་ཞིག་གི་ཉེར་བསྡོགས་འདྲ་བགྱིས། དེ་སྐབས་བྱམས་རིན་སྐུ་མདུན་དུ་ཞབས་ཕྱིར་ཡོད་པ་ཉིན་མོ་སྐུ་མདུན་དུ་བསྡད། དགོངས་མོ་རང་གཤག་ཏུ་འགྲོ་གི་ཡོད་པར། དེ་ཉིན་ཉིན་ཕྱེད་ཙམ་ནས་ད་ཁྱེད་རང་ཡང་སོང༌། ང་ཡང་ཁ་ཏོན་འདོན་དགོས་གསུངས་ཐུགས་བྲེལ་ལྟ་བུ་མཛད་ཅིང༌། ཉི་མ་ཕྱེད་ཡོལ་ཙམ་ནས་རྗེ་རང་གིས་ཞལ་འདོན་ཁོ་ན་མཛད། དེ་རྗེས་ཉི་མ་རྒས་ཁ་ཙམ་ནས་དུས་རྒྱུན་དང་ཅུང་མི་འདྲ་བར་ཐུགས་འུར་བའི་རྣམ་པ་ལྟ་བུའི་གསུང་གསངས་མཐོན་པོས་ཞལ་འདོན་ལམ་དུས་རྒྱས་པ་ཚར་གཅིག །བཟླས་པ་རྣམས་ཀྱང་བཅུ་རེ་ཙམ་མཛད་སོང་བ་དང༌། མགོན་དཀར་དང༌། བིར་སྲུང་དང༌། ལམ་ཟབ་དང༌། མཁའ་སྤྱོད་མ་རྣམས་ཀྱང་བཟླས་པ་ཉུང་ཤས་རེ་དང་བཅས་གསུངས་སོང་བ་དང༌། གཏོར་བསྔོ་དེ་ངེད་ཀྱིས་འདོན་མི་ཐུབ་པ་འདྲ་བས་ཞབས་དྲུང་གིས་འདོན་རོགས་གྱིས་གསུང་བ་ལྟར་ཞབས་དྲུང་ནས་གཏོར་བསྔོ་རྣམས་འདོན་པའི་སྐབས། རྗེ་རང་གིས་ཀྱང་གཏོར་བསྔོ་རྒྱས་པ་གཏོར་སྔགས་རྣམས་ཀྱང་བཅུ་གཅིག་རེ་ཙམ་དང་བཅས་ཚར་གཅིག་གསུངས་སོང༌། ཡང་དེ་རྗེས་ཀྱང་གཏོར་བསྔོ་རྒྱས་པ་ཚར་གཉིས་ཙམ་གསུངས་སོང་བ་དང༌། དེ་རྗེས་གང་ཡིན་མ་འཚལ་བའི་སྔགས་མང་པོ་ཞིག་བགྲང་བར་མཛད་པ་སོགས་མཚན་གང་ཞལ་འདོན་ཁོ་ན་མཛད་པ་ལས།