[A:༤༩༢] གསུང་སྒྲོས་ནི་ཚིག་རེ་གཉིས་ལས་མི་མཛད། བདག་གིས་བྱིན་རྟེན་ཐམས་ཅད་བསྡུས་ཏེ་ཕུལ་བས་ལེགས་པར་གསོལ་སོང༌། དེ་ནས་ཐོ་རངས་ཙམ་ན། ཚེ་མཚམས་པ་ཀུན་བསོད་ད་མཁའ་སྤྱོད་མའི་མཚམས་ནམ་ཙམ་སྡོད་རྒྱུ་རེད་ཅེས་བཀའ་ཕེབས་པར། ད་ལྟ་འདི་དུས་ཞེས་ཐག་ཆོད་པ་རང་མི་སྣང་ཞུས་པས། དེའི་ལན་ཅིའང་མི་གསུང༌། དེ་ནི་བདག་ཅག་རྣམས་ལ་བཀའ་སྩལ་པའི་ཐ་མ་ཡིན། དེ་ནས་རྗེ་རང་གིས་ཕྱག་ཕྲེང་བཞེས་ཏེ། མཁའ་སྤྱོད་མ་ཡིན་པ་འདྲ་སྙམ་པའི་ཞལ་འདོན་ཡུན་རིང་པོ་ཞིག་མཛད་སོང༌། དེ་ནས་ནམ་ལངས་ཐག་ཆོད་པ་ཙམ་ན་ཞལ་འདོན་དེ་མཐའ་བསྡུས་ནས་ཕྱག་ཕྲེང་ཡང་ཕར་འཇོག་པར་མཛད་སོང༌། དེ་སྔོན་ཀྱང་ཞབས་སྐྱིལ་ཀྲུང་དང་སྐུ་གཟུགས་དྲང་པོར་བཞུགས་ཡོད་པ་ཡིན་ནའང༌། སླར་ཡང་སྐུ་གཟུགས་དྲང་པོར་ཞོག་ཅེས་པའི་བརྡ་ལྟ་བུ་མཛད། དེ་ནས་སྤྱན་གཉིས་ཀྱང་གྱེན་ལ་བཟློག་སྣང༌། ལྗགས་དབུགས་ཀྱང་ཅུང་མི་འདྲ་བ་ཞིག་ཏུ་སོང༌། མཚམས་པ་ཀུན་བསོད་ཀྱང་ནམ་ལངས་མ་ཐག་ངུ་བཞིན་དུ་བྱོན་བྱུང་བར་ཅི་ཡིན་དྲིས་པས། ད་ནང་ཐོ་རངས་གཉིད་དུ་ཅུང་ཟད་སོང་བའི་རྨི་ལམ་དུ། ལམ་འབྲས་ལྷ་ཁང་དུ་མཆོད་མཇལ་ལ་ཕྱིན། ངོར་ཆེན་རྡོ་རྗེ་འཆང་ཆེན་པོའི་འདྲ་སྐུ་རིན་པོ་ཆེར་བྱིན་རླབས་ཞུས་ཏེ་གསོལ་བ་བཏབ། མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་འཛིན་གྱི་འདྲ་སྐུའང་དེ་སྔོན་མཚམས་བསྡད་པས་མ་མཇལ་རུང༌། ངོར་ཆེན་གྱི་སྐུའི་གཡས་ངོས་སུ་བཞུགས་འདུག་པས་ལེགས་པར་མཇལ་ཏེ་གསོལ་བ་བཏབ། སྒྲོས་ཆ་སོགས་གང་ཐད་ནས་འགྲན་བྲལ་བྱུང་སྣང༌། དེའི་གཡས་ངོས་སུ་རྗེ་འདི་སྐུ་དངོས་བཞུགས་འདུག་པས། འོ་ད་ང་ནི་འགྲོ་རན་པ་ཡིན། བུ་ཁྱོད་སྒྲུབ་པ་ལ་ནན་ཏན་སྙིང་པོར་གྱིས་ཤིག །ཅེས་གསུངས་ནས་ཕྱག་གཉིས་སྤྱི་བོར་བཞག་བྱུང་བས། མི་ཕྱེད་པའི་དད་པ་ཤུགས་དྲག་པོས་མཆི་མ་མང་དུ་ཤོར། གཉིད་སད་ནས་ཀྱང་བསམ་བཞིན་