[A:༣༥༩]བསམ་པ་རྣམ་པར་དག་པ་ཐུགས་ལ་འཁྲུངས་ནས། ལྷན་ཅིག་བྱེད་པའི་རྐྱེན་དུ་གྱུར་པའི་དགེ་བའི་བཤེས་གཉེན་ཁུ་བོ་མཁན་ཆེན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའ་འཆི་མེད་དང༌། གཅེན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ཀུན་དགའ་བསྟན་འཛིན་གཉིས་ཆར་གྱི་དྲུང་ནས། བརྒྱུད་པའི་ཁྱད་པར་གཉིས་ལས་འོངས་པའི་སེམས་བསྐྱེད་ཀྱི་སྡོམ་པ་བཞེས་ཏེ། དེ་ཕྱིན་ཆད་ནམ་མཁའི་སྙིང་པོའི་མདོ་ལས་གསུངས་པའི་རྩ་བའི་ལྟུང་བ་བཅུ་བཞི་དང༌། བྱང་ཆུབ་སེམས་དཔའི་ས་དང༌། སྡོམ་པ་ཉི་ཤུ་པ་སོགས་ལས་གསུངས་པའི་ཕམ་འདྲའི་ཉེས་བྱས་བཞི་དང༌། ཡན་ལག་གི་ཉེས་བྱས་ཞེ་དྲུག་ལ་སོགས་པ་མདོར་ན་བསླབ་བྱའི་གནས་མཐའ་དག་ལ་སྲུང་སྡོམ་ཚུལ་བཞིན་དུ་མཛད་པས་ཉེས་པ་ཕྲ་ཞིང་ཕྲ་བས་ཀྱང་མ་གོས་པ་ཡིན་ནོ། །དེར་མ་ཟད་ཕ་རོལ་ཏུ་ཕྱིན་པ་དྲུག་གི་སྒོ་ནས་དགེ་བའི་ཆོས་ཐམས་ཅད་ཡོངས་སུ་སྡུད་པ་དང་བསྡུ་བའི་དངོས་པོ་བཞིའི་སྒོ་ནས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་མཛད་པའི་ཚུལ་ནི། བདག་ཉིད་ཆེན་པོ་ཀུན་ཏུ་བཟང་པོ་དང༌། འཇམ་པའི་དབྱངས་ལ་སོགས་པའི་རྣམ་ཐར་ལ་ཅོ་འདྲི་བ་བཞིན་མཛད་དོ། །རིག་པ་འཛིན་པ་སྔགས་ཀྱི་སྡོམ་པའི་དབང་དུ་བྱས་ན། འོག་ནས་འབྱུང་བ་ལྟར་གྱི་རྒྱུད་མ་སྨིན་པ་སྨིན་པར་བྱེད་པའི་དབང་བསྐུར་བ་ལེགས་པར་གསན་ཏེ། སྣང་བའི་དངོས་པོ་ཐམས་ཅད་ལྷ་དང་ཡེ་ཤེས་ཀྱི་ངོ་བོར་བྱིན་གྱིས་བརླབས་པ་ལ་བརྟེན་ནས་དབང་ལས་བྱུང་བའི་ཡེ་ཤེས་བརྗོད་བྲལ་ལྷན་ཅིག་སྐྱེས་པ་དོན་གྱི་སྡོམ་པ་ཐོབ་པར་མཛད་ཅིང༌། དེ་ལས་བྱུང་བའི་རྩ་བ་དང་ཡན་ལག་གིས་བསྡུས་པའི་དམ་ཚིག་ཐམས་ཅད་སྲོག་གི་དབང་པོ་ལས་ཀྱང་གཅེས་པར་བསྲུངས་པས་ཉེས་པའི་དྲི་མ་ཤིན་ཏུ་ཕྲ་བས་ཀྱང་རེག་པའི་གནས་སྐབས་མི་སྲིད་པ་ཡིན་ནོ། །ཐམས་ཅད་མཁྱེན་པ་བརྙེས་ཟིན་ཀྱང༌། །ཐམས་ཅད་སྒྲོལ་བའི་དེད་དཔོན་དུ། །ཐམས་ཅད་