[A:༣༥༨]མ་གོས་ཤིང༌། བསླབ་བྱའི་གཙོ་བོ་གྱུར་པ་བསྟེན་བྱ་འཚོ་བ་དང༌། བསྲུང་བྱ་ཚུལ་ཁྲིམས་དང༌། ཉམས་ལེན་སྤྱོད་པ་དང༌། རྟོགས་དོན་ལྟ་བ་སྟེ་རྣམ་དག་རྣམ་པ་བཞི་ལ་གུས་པ་དང་བག་ཡོད་པའི་ཐབས་ཀྱིས་ཚུལ་བཞིན་དུ་བསླབས་པ་སྔོན་གྱི་འདུལ་བ་འཛིན་པ་ཆེན་པོ་ཨུ་པ་ལི་ལ་སོགས་པ་དང་ཚུལ་མཚུངས་པར་བཞུགས་པ་ཡིན་ནོ། །གང་གི་ཚེ་སྐྱེས་བུ་དམ་པ་འདི་རྒྱལ་བའི་བསྟན་པ་ལ་ཞུགས་ཤིང་བསླབ་པ་རིན་པོ་ཆེ་རྣམས་ཞལ་གྱིས་བཞེས་པ་དེའི་ཚེ། ནག་པོའི་ཕྱོགས་སུ་གྱུར་པའི་བདུད་ཀྱི་རིགས་ནི་ངོ་ཟུམ་གནག་ཅིང་ཤིན་ཏུ་འགྲིབ་པར་གྱུར་ལ། གང་དག་དཀར་པོའི་ཕྱོགས་ལ་དགའ་བའི་ལྷ་རྣམས་ནི། སྔ་ན་མེད་པའི་སྤྲོ་བའི་ཆུ་གཏེར་ཆེན་པོ་སྙིང་གི་དབུས་ནས་འཕྱུར་བ་ལ་བརྟེན་ནས་འཇིག་རྟེན་ན་འདི་ལྟ་བུའི་བདེ་ལེགས་འབྱུང་བའི་རྒྱུའི་གཙོ་བོ་ཅི་ཞིག་སྙམ་དུ་ལེགས་པར་བརྟགས་པས། ཇི་ཞིག་ཙམ་ན་དམ་པ་འདི་རབ་ཏུ་བྱུང་བས་སངས་རྒྱས་ཀྱི་བསྟན་པ་དང་ལྷའི་རིས་ཐམས་ཅད་ཡོངས་སུ་རྒྱས་པར་གྱུར་པའི་ལྟས་སུ་ཤེས་ནས། ཕན་ཚུན་གཅིག་གིས་གཅིག་ལ་སྦྲན་ཏེ་དགའ་བ་དང་ཅ་ཅོའི་སྒྲ་ཆེན་པོ་འོག་མིན་གྱི་བར་དུ་གྲག་པར་གྱུར་པ་ནི་ཡིད་ཆེས་པའི་ལུང་དང༌། རྗེས་སུ་དཔག་པའི་རིག་པས་ཀྱང་རྟོགས་པར་ནུས་པ་ཡིན་ནོ། །བྱང་ཆུབ་སེམས་དཔའི་སྡོམ་པ་བཞེས་པའི་ཚུལ་ནི། འདི་ལྟར་མཐའ་ཡས་པའི་སེམས་ཅན་ཐམས་ཅད་མ་རིག་པའི་ལིང་ཐོག་གིས་བསྒྲིབས་ཏེ། དགེ་བའི་ལམ་སྟེགས་མཐའ་དག་ཉམས་པར་བྱས་པ་ལ་བརྟེན་ནས་འཁོར་བའི་རྒྱ་མཚོ་ཆེན་པོར་རང་དབང་མེད་པར་འཁོར་ཞིང་སྡུག་བསྔལ་གྱིས་གཟིར་བར་གཟིགས་ཏེ། འདི་ལྟ་བུའི་སེམས་ཅན་ཐམས་ཅད་ཀྱི་ཁུར་ནི་བདག་ཉིད་གཅིག་པུས་ཁྱེར་ཏེ་སྲིད་པའི་འཇིགས་པ་ཐམས་ཅད་ཞི་བར་བགྱིད་པ་མ་གཏོགས་འདི་དག་གི་བདེ་བའི་རྒྱུ་གཞན་མེད་དོ་སྙམ་པའི་ཉེ་བར་ལེན་པའི་རྒྱུའི་གཙོ་བོ་ལྷག་པའི་