R202: རྣལ་འབྱོར་འཇམ་དཔལ་བཟང་པོ་རྣམ་ཐར།

  • Pagination (Witness A): ༣༦༠
[A:༣༦༠]གཟིགས་པའི་བཀའ་ལུང་གིས། །ཐམས་ཅད་མགོན་དུ་མངའ་རབ་གསོལ། །ཨེ་མ་རྒྱལ་རྣམས་ཚུལ་ཁྲིམས་ཀྱི། །ནོར་བུའི་རྐང་སྟེགས་ལ་བརྟེན་ནས། །ཐར་པ་དམ་པའི་ཁང་བཟང་དུ། །གཤེགས་པའི་ཤུལ་ལམ་མཚོན་པའི་ཕྱིར། །རང་ཉིད་སོ་སོར་ཐར་པའི་སྒོར། །ཞུགས་པའི་མི་སྨྲ་བརྟུལ་ཞུགས་ཀྱིས། །སྐལ་བཟང་མཐོ་རིས་ཆས་པ་ལ། །ལམ་དེ་འདི་ཉིད་ཡིན་པར་སྟོན། །མཆོག་རྣམས་རང་གི་སྤྱོད་ཡུལ་དུ། །ཞུགས་ལ་གདུང་བ་སྐྱེད་བྱེད་པའི། །འཁྲུལ་པའི་གདོན་འདི་ཡིད་སྲུབས་ལ། །བསོད་ནམས་མིན་པས་ཉེ་བར་གནས། །བཞིན་ལ་འཛུམ་པའི་ཟླ་རིས་ཀྱི། །དོག་པ་མུ་ཏིག་འོད་བཀོད་པས། །ལྷ་རྣམས་གང་གི་གྲགས་པ་ཡི། །སྤྲིང་ཡིག་སྲིད་རྩེའི་བར་དུ་སྒྲོགས། །གཞན་གྱི་བདེ་བ་བསྒྲུབ་པ་ལ། །བདུད་རྩི་བཞིན་དུ་དོན་གཉེར་བ། །སྨན་མཛད་རྣམས་ཀྱི་བསམ་པ་གང༌། །ཚངས་པ་ཡིས་ཀྱང་རྙེད་པར་དཀའ། །དེ་སླད་བྱང་ཆུབ་སེམས་གཉིས་ཀྱི། །གསེར་གྱི་ཁྲི་འཕང་ལ་འཛེགས་ཏེ། །ཐར་པ་མཆོག་གི་རྒྱལ་སྲིད་ལ། །འགྲོ་འདི་ཇི་ལྟར་དགོད་ཅེས་དགོངས། །གང་ཞིག་རིག་པའི་སྔགས་ཀྱིས་ནི། །དངོས་ཀུན་ལྷ་དང་ཡེ་ཤེས་སུ། །སྒྱུར་བྱེད་གསང་བའི་མིག་འཕྲུལ་ལ། །མངོན་འདོད་སྤྱན་གྱི་ཟུར་མདའ་ལྷུང༌། །དེ་ཚེ་རིག་འཛིན་སྡོམ་པ་ནི། །རླུང་གི་གཤོག་ཅན་ལ་ཞོན་ནས། །རྡོ་རྗེ་འཛིན་སར་བགྲོད་ལ་ཡང༌། །ཐོགས་མེད་གློག་གི་རྣམ་འཕྲུལ་བཞིན། །ཉེས་ཀུན་བཅོམ་པའི་བདག་ཉིད་ལ། །སླར་ཡང་གླགས་ལྟ་རྩོམ་བྱེད་པའི། །བདག་གི་རྨོངས་པ་འདི་ཅི་ཞེས། །སྡོམ་པའི་མི་མཐུན་ཕྱོགས་རྣམས་སོང༌།། །།གཉིས་པ་ཞུགས་པའི་རྟེན་དེས་ཐོས་བསམ་སྒོམ་གསུམ་ཇི་ལྟར་མཛད་པའི་ཚུལ་ལ་གསུམ་སྟེ། ཐོག་མར་ཨེ་ཝྃ་རང་དུ་བཞུགས་ནས་གསན་བསམ་སྒོམ་གསུམ་ཇི་ལྟར་མཛད་པའི་ཚུལ། དེ་རྗེས་མདོ་ཁམས་སུ་བྱོན་ནས་བསྟན་འགྲོའི་དོན་དང་ཐོས་བསམ་ཇི་ལྟར་མཛད་པའི་ཚུལ། སླར་ཡང་