R202: རྣལ་འབྱོར་འཇམ་དཔལ་བཟང་པོ་རྣམ་ཐར།

  • Pagination (Witness A): ༤༩༧
[A:༤༩༧] ཞབས་འབྲིང་བ་ཚོར་དྲིས་པས། །གསང་བའི་གནས་བལྟ་བས་མི་མངོན་པ་འདི་ནི་སྔར་ནས་རང་ཡོད་པ་ཡིན། ཕྱིས་དགུང་གྲངས་བདུན་ཅུའི་ནང་དུ་ཕེབས་པའི་ཚེ་ཞབས་པུས་ཀྱང་མི་བདེ་བ་དང༌། སྐུ་གསང་ཡང་བྲོ་མ་ཐག་ཏུ་སྩལ་དགོས་པ་ཞིག་ཡོད། དེ་ལ་བརྟེན་ནས་ཐུགས་བྲེལ་ལྟ་བུས་གཟིམ་ཏོག་ནང་དུ་སྐུ་གསང་གནང་བའི་ཚེའང༌། རེས་གཟིམ་ཏོག་གི་ནང་དུ་གསང་ཆབ་མི་བབས་པར་ཕྱི་རོལ་ཏུ་བོ་འོང་བ་ཞིག་ཡོད་པ་དེའང་སྦ་བ་སྦུབས་སུ་ནུབ་པའི་རྐྱེན་གྱིས་ཡིན་ཅེས་གླེང༌། འདི་ལྟ་བུ་ནི་སྔོན་གྱི་དུས་སུ་རྗེ་ས་པཎ་དང༌། ངོར་ཆེན་རྡོ་རྗེ་འཆང་དང༌། ཆོས་རྗེ་དཀོན་མཆོག་ལྷུན་གྲུབ་སོགས་ལ་བྱུང་ཞིང༌། མཚན་དཔེ་ཆ་མཐུན་འདི་ནི་ཡེ་ཤེས་ཀྱི་སྐུ་མངོན་དུ་མཛད་པའི་རྟགས་ཡིན་ཞེས་རྣམ་ཐར་སྔ་མ་རྣམས་སུ་བྲིས་འདུག་པ་ལྟར་རོ། །དེ་ནས་རིན་ཆེན་འབར་བ་ལས། བདུད་རྩི་འཁྱིལ་བ་བཟླས་པ་ཡི། །དྲི་ཞིམ་ཆུ་ཡིས་དང་པོར་བཀྲུ། །ཞེས་སོགས་དང༌། ཀྱེ་རྡོ་རྗེའི་རྒྱུད་རྒྱས་པ་ལས། སྐུ་གསུང་ཐུགས་ཀྱི་རིགས་སྔགས་གདགས། །རང་གི་ལྷའམ་གཞན་ཡང་རུང༌། །ཞེས་སོགས་གསུངས་པ་ལྟར་དེ་སྔོན་མཚམས་པ་སོ་སོར་ཡང་བུམ་ཆུ་བསྒྲུབ་རྒྱུ་ཕུལ་ཡོད་པ་དང༌། ཁྱད་པར་ཚེས་བཅུ་བཞིའི་ནུབ་མོ་དང༌། བཅོ་ལྔའི་ཐོ་རངས་བདག་ཅག་ཁ་ཤས་ཀྱིས་དཔལ་ཀྱེ་རྡོ་རྗེའི་བདག་གི་རྣལ་འབྱོར་སྔོན་དུ་འགྲོ་བའི་སྒོ་ནས་ལས་ཐམས་ཅད་པའི་བུམ་པ་ཚུལ་བཞིན་དུ་བསྒྲུབས་ཤིང༌། དེ་ནས་ཚེས་བཅོ་ལྔ་ཉི་མ་རྩེ་ཤར་ཙམ་ན། སྐུ་གདུང་རིན་པོ་ཆེར་ན་བཟའ་བཟང་པོ་དང་བཅས་ཏེ་བཞུགས་ཁྲིའི་ཁར་བཞུགས་སུ་གསོལ་ནས། དད་པ་ཅན་ཐམས་ཅད་ལ་མཇལ་ཁ་བཏང་སྟེ་གསོལ་བ་དང་སྨོན་ལམ་འདེབས་སུ་གཞུག་པ་དང༌། དེ་ནས་གྲྭ་པ་ཁ་ཅིག་གིས་གཟིམ་ཆུང་གཞན་ཞིག་ཏུ་དཔལ་ཀྱེ་རྡོ་རྗེའི་དཀྱིལ་འཁོར་གྱི་ཐིག་བཏབ་ཅིང༌། བདག་ཅག་ཁ་ཤས་ཀྱིས་ཉི་དྲོས་ཕྱི་མ་ཙམ་ན་