R202: རྣལ་འབྱོར་འཇམ་དཔལ་བཟང་པོ་རྣམ་ཐར།

  • Pagination (Witness A): ༤༩༨
[A:༤༩༨]འཇིག་རྟེན་ཀུན་གྱི་མཆོད་སྡོང་བླ་ན་མེད་པའི་སྐུ་གདུང་རིན་པོ་ཆེར་གོང་དུ་བཤད་པ་ལྟར་གྱི་བུམ་པའི་ཆུས་སྐུ་ཁྲུས་ལེགས་པར་གསོལ་ཞིང༌། སྐུའི་གནས་གསུམ་དུ་སྐུ་གསུང་ཐུགས་ཀྱི་ས་བོན་དང༌། དཔལ་ཀྱེ་རྡོ་རྗེའི་རྩ་སྔགས་དང༌། སྙིང་པོ་དང༌། ཉེ་སྙིང་རྣམས་ཤོག་བུ་ལ་བྲིས་ཤིང་དྲི་བཟང་པོས་བྱུག་པ་རྣམས་སྦྱར་བ་དང༌། བསིལ་བའི་སྨན་དྲི་བཟང་པོ་དང་ལྡན་པ་ཐམས་ཅད་ལྷན་ཅིག་ཏུ་སྦྱར་བའི་ལྡེ་གུས་ཡོངས་སུ་བྱུགས་ཤིང༌། རས་སེར་པོ་མང་པོས་ལེགས་པར་དཀྲིས་པ་དང༌། དབུ་རྒྱན་དང༌། སྟོད་གཡོག་དང༌། སྨད་གཡོགས་ལ་སོགས་པའི་ལྷ་རྫས་ཀྱི་ན་བཟས་མཛེས་པར་སྤྲས་ཏེ། དཔལ་ཀྱེ་རྡོ་རྗེའི་དཀྱིལ་འཁོར་གང་དུ་བཞེངས་པའི་གནས་ཀྱི་གཟིམ་ཆུང་དུ་སྤྱན་དྲངས་ཏེ། སྤོས་མར་མེ་ཞལ་ཟས་རྣམས་རེ་རེ་ནས་བརྒྱ་ཕྲག་ལྔ་ཙམ་དང་བཅས་པའི་མཆོད་པའི་བྱེ་བྲག་མཐའ་ཡས་པའི་དབུས་སུ་གདུང་སྒྲོམ་གྱི་སྟེང་དུ་བཞུགས་སུ་གསོལ། དེ་ནས་བདག་ཅག་དགེ་སློང་བཅུས་སྐུ་གདུང་རིན་པོ་ཆེ་རྣམ་སྣང་དགེས་པ་རྡོ་རྗེར་ཡན་ལག་བཞི་རྫོགས་སུ་བསྐྱེད་དེ་བཟླས་པ་བྱ་བ་སོགས་རྗེ་བཙུན་རིན་པོ་ཆེས་མཛད་པའི་ཀྱེ་རྡོར་དུས་ཐའི་ཆོ་ག་སོགས་ནས་ཇི་ལྟར་འབྱུང་བ་བཞིན་བགྱིས་སོ། །དེ་ནུབ་བདག་ཅག་དགེ་སློང་བཅུས་དཔལ་དགེས་པ་རྡོ་རྗེའི་སྟ་གོན་གྱི་ཆོ་ག་བགྱིས་པ་ནས་བཟུང༌། ཞག་ཞེ་དགུའི་བར་དུ་དགེ་སློང་བཅུས་དཔལ་ཀྱེ་རྡོ་རྗེའི་རྡུལ་ཚོན་གྱི་དཀྱིལ་འཁོར་བཞེངས་ཏེ་སྒྲུབ་ཅིང་མཆོད་པ་དང༌། བདག་ཉིད་འཇུག་ཅིང་དབང་བླང་བ་ལ་སོགས་པ་ཉིན་རེར་ཆོ་ག་ཚར་རེ་མ་ཆག་པར་བགྱིས་པ་དང༌། དེ་ཐམས་ཅད་ལ་ཉིན་རེ་བཞིན་གྲྭ་པ་རེ་ལ་ཕྱག་འགྱེད་དངུལ་ཞོ་རེ་དང༌། སྐབས་འགར་དེའི་སྟེང་ཚབ་ར་ལ་སོགས་པའི་བསྙེན་བཀུར་ཞབས་ཏོག་ཕུན་སུམ་ཚོགས་པ་བསྒྲུབས་པ་དང༌། དེའང་བདུན་ཕྲག་རེ་རེ་རྫོགས་པའི་མཐར་རྡུལ་ཚོན་གྱི་དཀྱིལ་འཁོར་གཤེགས་སུ་གསོལ་ཞིང༌། སླར་ཡང་ཐིག་