R202: རྣལ་འབྱོར་འཇམ་དཔལ་བཟང་པོ་རྣམ་ཐར།

  • Pagination (Witness A): ༤༩༦
[A:༤༩༦]ཞུགས་པ་ཞིག་རྨིས། གཉིད་སད་ནས་ཀྱང་དགའ་སྐྱོ་ཟུང་དུ་འབྲེལ་བའི་སྒོ་ནས་མིག་ནས་མཆི་མ་མང་པོ་ཤོར་ཅེས་གསུངས་པ་དང༌། ཚེས་བཅུ་བཞིའི་སྔ་དྲོ་སྐྱ་རེངས་ཤར་བ་ཙམ་ན་ནམ་མཁའ་མཐིང་ཤུན་ལྟར་སྔོ་ཞིང་ཤིན་ཏུ་དྭངས་པ་ལ། དགོན་པའི་ཐད་ངོས་ནས་ནུབ་ཕྱོགས་སུ་སྤྲིན་དཀར་པོ་དར་ཡུག་བརྐྱངས་པ་ལྟ་བུ་གཉིས་འདུག་ཅེས་གླེང་བ་དང༌། དེ་ནས་ཉིན་ཕྱེད་ཙམ་ན་འཇའ་ཁ་དོག་ལྔ་ལྡན་རིང་ཐུང་གསུམ་ཤར་འདུག་ཅེས་ཐམས་ཅད་ཀྱིས་གླེང་བས་ད་ཐུགས་དམ་ལས་གྲོལ་བར་གདོན་མི་ཟ་སྙམ་ནས་སྐུ་གདུང་རིན་པོ་ཆེའི་དྲུང་དུ་ཕྱིན་པས་བདག་དང་ལྷན་ཅིག་འོང་བ་ལྟ་བུའི་སྦྲང་བུ་ཞིག་ཀྱང་སྐུ་གདུང་རིན་པོ་ཆེར་འཁོར་འདུག་པ་དང༌། ཞལ་མདངས་ཕྲན་བུ་ཉམས་པ་ལྟར་སྣང་བས། སླར་ཡང་འོད་གསལ་ལས་ཟུང་འཇུག་གི་སྐུར་བཞེངས་ཏེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང་ལྷན་ཅིག་དཔའ་བོ་དང་མཁའ་འགྲོ་མ་དང་ཆོས་སྐྱོང་བའི་སྲུང་མའི་ཚོགས་དང་བཅས་པ་རྣམས་ཀྱི་བསུ་བའི་བཀོད་པ་སོ་སོ་སྐྱེ་བོའི་བློའི་སྤྱོད་ཡུལ་ལས་འདས་པ་དང་བཅས་ཏེ་དག་པའི་ཞིང་ཁམས་བདེ་བ་ཅན་ལ་སོགས་པར་གཤེགས་པར་གོར་མ་ཆག་གོ །དེ་ནས་ན་བཟའ་དང་སྐུ་གཟུགས་རྣམས་ལ་བལྟས་པས་དེའི་སྔོན་བདག་ཅག་རྣམས་ཀྱིས་མ་མཐོང་བ་མ་གཏོགས། ཤངས་བུག་ནས་བྱང་སེམས་དཀར་པོ་མང་པོ་མགུལ་གོང་ནང་དུ་བབས་སྣང་བ་ཐམས་ཅད་ཀྱང་བསྐམས་ཟིན་འདུག །འདི་ནི་ངོར་ཆེན་རྡོ་རྗེ་འཆང་གི་རྣམ་ཐར་སོགས་ནས་འཆི་ཁ་ཉིད་དུ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་ནས་རྣམ་ཤེས་སྤྱི་གཙུག་ཏུ་སོང་སྟེ། ལོངས་སྤྱོད་རྫོགས་པའི་སྐུའི་ཞིང་ཁམས་སུ་འགྲོ་བར་འགྱུར་རོ། །དེའི་རྟགས་ཕའི་ཁུ་བའི་ཐིག་ལེ་སྣ་བུག་གཡོན་ནས་མར་འབྱུང་ངོ༌། །ཞེས་བདེ་མཆོག་གི་གཞུང་ནས་ལུང་འདྲེན་དང་བཅས་ཏེ་གསུངས་འདུག་པ་དང༌། གསང་བའི་གནས་ཀྱང་སྦ་བ་སྦུབས་སུ་ནུབ་ཏེ་གཏན་ནས་མི་སྣང༌།