[A:༥༠༢]གྱི་མཎྜལ། དངུལ་ཏིང་བདུན་ཚར། གསེར་ཌར་དངུལ་ཤན་མ་འཕན་དང་བཅས་པ། རྒྱ་རོལ་སྤུས་ལེགས་ཆ། སྲབ་ཐེར་གྱི་སྐུ་ཤམ་སྤུས་ལེགས། གོས་ཆེན་སྨན་ཤམ་གྱིས་མཐའ་ལྕགས་བྱས་པའི་སྐུ་སྦྱར། གོས་ཆེན་རྒྱ་སྨུག་གི་སྟོད་འབོགས་སྲམ་རྒྱན་མ། སྤུ་ཧར་གྱི་ཞབས་ལྷྭམ་འཇའ་ཆེན། ཕྱིང་ཁྲ། ཇ་བརྒྱད་པ་འཁོར་གཉིས། འབྲས་ལྟང་སོགས་ཕུལ་བ་དང༌། བདུན་ཚིགས་གསུམ་པ་རྫོགས་ཉིན་ཁང་གསར་ཞབས་དྲུང་རིན་པོ་ཆེ་ངག་དབང་བློ་གྲོས་སྙིང་པོ་གདན་ཞུས་ཀྱི་འབུལ་བར་གསེར་ཟངས་ཀྱི་དོན་ཡོད་གྲུབ་པ་དང༌། དངུལ་གྱི་འབྲུ་པར་ཤུབས་ལྡན། ཟངས་བུམ་ཁ་མཆུ་ཞབས་གསུམ་དངུལ་ལས་གྲུབ་པ། ཐོད་ཌཱར་དངུལ་ཤན་མ་འཕན་བཅས་ཤུབས་ལྡན། གོས་ཆེན་རྒྱན་བཞིའི་ཤན་ལྡན་གྱི་ན་བཟའ་འགན་སྦྱར། སྲབ་ཐེར་གྱི་སྐུ་ཤམ། རས་ལྷྭམ། ལི་ལྡིར། རས་ཁྲའི་མནམ་ཡོལ། ལྗོན་ཇ་བརྒྱད་པ་འཁོར་གཅིག །འབྲས་དོས་སོགས་དང༌། སྐུ་ཚིགས་བཞི་པར་ཐར་རྩེ་རང་གི་ཞབས་དྲུང་འཇམ་དབྱངས་རིན་ཆེན་རྡོ་རྗེར་དངུལ་ཀྱི་བཀྲ་ཤིས་རྫས་བརྒྱད་སོགས་འབུལ་བ་འོས་འཚམ་དང༌། བདུན་ཚིགས་ལྔ་པར་དཔོན་སློབ་ལས་ཐོག་པ་ནམ་མཁའ་རྒྱལ་མཚན་པར་རྡོར་དྲིལ་དང༌། གོས་ཆེན་གྱི་སྟོད་རྩེ། རས་ལྷྭམ། ཇ་བརྒྱད་པ་འཁོར་གཅིག་སོགས་དང༌། བདུན་ཚིགས་དྲུག་པར་བླ་མ་བསྟན་པ་དར་རྒྱས་ལ་གོས་ཆེན་གྱི་ཚར་སྟོད། རྒྱ་ཐེར་གྱི་གཟན། དངུལ་གྱི་ཆབ་བླུགས། རས་ལྷྭམ། ཇ་སྦག་གཉིས་བཅས་དང༌། བདུན་ཚིག་བདུན་པར་སྤྲུལ་སྐུ་ཤེས་རབ་རྒྱ་མཚོ་པར་གོས་ཆེན་གྱི་སྟོད་རྩེ་དང༌། སྲབ་གཟན། ཕྲུག་གཟན། ཇ་སྦག་གཉིས་བཅས་ཕུལ་བ་དང༌། གཞན་ཡང་ཁང་སེར་དཔོན་སློབ་འཇམ་དབྱངས་གྲགས་པ་ཆོ་གའི་དབུ་བཞུགས་སོགས་སུ་ཕེབས་མ་ཐུབ་སྟབས་མཆོད་བསྔོ་ཞུ་མཚོན་གྱི་འབུལ་བར་རྡོར་དྲིལ་དང༌།