[A:༥༠༣] ལྗོན་འདབ་འཁོར་གཅིག་སོགས་ཕུལ་བ་དང༌། ཧོར་ཉག་བྲག་སྤྲུལ་སྐུར་ཆོ་ག་གསུང་རྟེན་ཕར་ཕུལ་བར་གོས་ཆེན་གྱི་སྟོད་རྩེ་དང༌། ལྗོན་འདབ་འཁོར་གཅིག་དང༌། སྒ་སྟོད་ཆོས་རྗེ་སྤང་ཤར་བླ་མ་དང༌། འཛི་ཕུ་བླ་མ་བཅས་སོ་སོར་ཆོ་ག་གསུང་རྟེན་ཕར་ཕུལ་བར་རྡོར་དྲིལ་རེ་རེ་དང༌། མགོ་སྣམ་ཁ། རས་ལྷྭམ། དཀར་ཡུག་སོགས་ཕུལ་བ་དང༌། ཚེ་མཚམས་པ་བསོད་ནམས་བཟང་པོ་དང༌། ཚེ་མཚམས་པ་ཀུན་དགའ་བསོད་ནམས་དང༌། ཚེ་མཚམས་པ་ངག་དབང་ཆོས་འཕེལ་དང༌། བཀའ་འགྱུར་བླ་མ་བཅས་སོ་སོར་མཚམས་ཟླ་རེ་བཞུགས་རྒྱུའི་རྟེན་དུ་དངུལ་སྲང་གསུམ་རེ་ཕུལ་བ་དང༌། དཔལ་ཨེ་ཝྃ་ཆོས་ལྡན་གྱི་གཙུག་ལག་ཁང་དུ་ཉིན་རེ་བཞིན་རྣམ་གསུམ་བརྒྱ་མཆོད་དང་བཅས་ཏེ་དགེ་འདུན་གང་ཡོད་ཀྱི་དཔལ་ཀུན་ཏུ་རིག་པའི་ཆོ་ག་ཉིན་བདུན་དང༌། བླ་མཆོད་ཉིན་གཉིས་ཏེ་ཉིན་ཚོགས་དགུ་བགྱིས་པའི་ཐོག་མར་ཉིན་གཅིག་ལ་དགེ་སློང་རེ་རེར་ཕྱག་འགྱེད་དངུལ་ཞོ་རེ་ཕུལ་བ་དང༌། དེ་རྗེས་ཉིན་དྲུག་ལ་ཉིན་རེ་བཞིན་གྲྭ་པ་རེ་ལ་ཕྱག་འགྱེད་དངུལ་ཊམ་ཕྱེད་རེ་ཕུལ་བ་དང༌། དེ་རྗེས་ཉིན་གཉིས་ལ་ཉིན་རེ་བཞིན་གྲྭ་པ་ཉི་ཤུ་རེ་ལ་ཕྱག་འགྱེད་ལྗོན་འདབ་སྦག་རེ་ཕུལ་བ་དང༌། དེ་དག་གི་དགེ་ཚོགས་བྱང་ཆུབ་སྙིང་པོར་བསྔོ་བའི་སླད་དུ་མཁན་རིན་པོ་ཆེ་ཁྲི་ཐོག་པར་ཚོགས་བསྔོ་ལན་གཉིས་ཞུས་པའི་འབུལ་བར་ལྗོན་འདབ་འཁོར་གཉིས་སོགས་ཕུལ་བ་དང༌། དཔོན་སློབ་ལའང་ཚོགས་བསྔོ་ཞུ་མཚོན་ལྗོན་ཇ་སྦག་གཉིས་བཅས་དང༌། ཡང་ས་ག་ཟླ་བའི་ནང་ཨེ་ཝྃ་པའི་གཙུག་ལག་ཁང་དུ་དགེ་འདུན་གང་ཡོད་ཀྱིས་ངོར་ལུགས་དཀྱིལ་འཁོར་ལྔའི་སྒྲུབ་མཆོད་ཚོགས་པའི་སྐབས་ཀྱང་འཕར་མ་ཉིན་གཅིག་བཙུགས་ཏེ། དེའང་རྟེན་གྱི་དྲུང་དུ་རྣམ་གསུམ་བརྒྱ་མཆོད་གཉིས་དང༌། དཀྱིལ་འཁོར་སོ་སོར་མཆོད་པ་དང༌། དགེ་འདུན་རྣམས་ལ་མང་ཇས་བསྙེན་བཀུར་བ་སོགས་ཟབ་པ་དང༌། སྔ་ཚོགས་སུ་གྲྭ་པ་བཅུ་རེ་ལ་ཕྱག་འགྱེད་ལྗོན་ཇ་སྦག་རེ་དང༌། ཕྱི་ཚོགས་སུ་གྲྭ་པ་རེ་ལ་ཕྱག་འགྱེད་དངུལ་ཊམ་རེ་དང༌།