[A:༣༦༡]མཁན་ཆེན་རྡོ་རྗེ་འཆང་ཆེན་པོ་དེ་ཉིད་ཀྱི་དགོངས་པ་རྫོགས་པའི་སླད་དུ་དབུས་གཙང་དག་པའི་ཞིང་དུ་བསྙེན་བཀུར་རྒྱ་ཆེར་བསྟབས་པ་དང་ཉན་བཤད་སྒོམ་གསུམ་ཇི་ལྟར་མཛད་པའི་ཚུལ་ལོ། །དེའི་དང་པོ་ནི། འཇིག་རྟེན་ན་བླང་དོར་གྱི་གནས་ཕྱིན་ཅི་མ་ལོག་པར་རྟོགས་པར་བྱེད་པའི་ཐབས་ནི། དགེ་བའི་བཤེས་གཉེན་ལ་བརྟེན་ཏེ་ཐོས་པ་བྱེད་པ་ཉིད་ཡིན་ལ། གང་དག་ཐོས་བསམ་གྱི་རྒྱུ་སྔོན་དུ་མ་སོང་བར་བསམ་གཏན་ལ་མཉམ་པར་བཞག་པ་ཙམ་གྱིས་ནི་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པར་མ་གསུངས་ཏེ། འཕགས་པ་དཀོན་མཆོག་བརྩེགས་པ་ལས། གང་དགེ་བའི་བཤེས་གཉེན་ལ་བརྟེན་པར་བྱེད་པ་དེ་ནི་ཐོས་པར་འགྱུར་རོ། །ཐོས་ནས་རབ་ཏུ་ཤེས་སོ། །ཤེས་ནས་ནན་ཏན་བྱེད་དོ། །ཞེས་དང༌། ཇི་ལྟར་མུན་པས་ཁྱབ་བསྒྲིབས་པ། །ཁྱིམ་དུ་ཞུགས་པར་གྱུར་ན་ནི། ཡོད་པར་གྱུར་པའི་གཟུགས་རྣམས་ཀྱང༌། །མིག་གིས་མཐོང་བར་མི་འགྱུར་རོ། །དེ་བཞིན་དུ་ནི་འདི་ལ་ཡང༌། །ལ་ལའི་མིག་དག་སྐྱེས་གྱུར་ཀྱང༌། །དགེ་བ་དང་ནི་སྡིག་པའི་ཆོས། །མ་ཐོས་པར་ནི་ཤེས་མི་འགྱུར། །ཞེས་སོགས་དང༌། གང་དག་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་འདི་མ་ཐོས། འཕགས་པའི་ཆོས་འདུལ་བ་མ་ཐོས་པར་ཏིང་ངེ་འཛིན་ཙམ་གྱིས་དགའ་བ་རྙེད་པས་ང་རྒྱལ་གྱི་དབང་གིས་ཆེ་བའི་ང་རྒྱལ་དུ་ལྷུང་བ་དེ་དག་ནི་སྐྱེ་བ་དང་རྒ་བ་སོགས་ནས། སྡུག་བསྔལ་གྱི་ཕུང་པོ་ལས་ཡོངས་སུ་མི་ཐར་ཏེ། ཞེས་སོགས་ཀྱི་བར་དུ་གསུངས་པའི་ཕྱིར་རོ། །དེ་བས་ན་རྒྱལ་བའི་བསྟན་པ་ལ་ཞུགས་པ་རྣམས་ཀྱི་མངོན་པར་རྟོགས་པ་ནི་ཐོས་བསམ་སྒོམ་གསུམ་རིམ་པ་ཅན་དུ་ཉམས་སུ་ལེན་པ་ཉིད་ཡིན་ནོ་ཞེས་གདུལ་བྱ་རྣམས་ལ་གདམས་པའི་སླད་དུ་རང་ཉིད་ཀྱང་དེའི་རྗེས་སུ་སློབ་པར་བཞེད་དེ། དེའང་དགེ་ཚུལ་གྱི་སྡོམ་པ་གསན་མ་ཐག་པ་ནས་བཟུང་སྟེ། གཅེན་བྱམས་པ་ཀུན་དགའ་བསྟན་འཛིན་གྱི་ཞབས་པད་བསྟེན་ཏེ་ཐར་རྩེ་