R202: རྣལ་འབྱོར་འཇམ་དཔལ་བཟང་པོ་རྣམ་ཐར།

  • Pagination (Witness A): ༥༡༢
[A:༥༡༢]ཞིག་བགྱིས་པ་དང༌། དེ་དག་གི་ཚེའང་ཉིན་རེ་བཞིན་རྣམ་གསུམ་བརྒྱ་མཆོད་དང་བཅས་པའི་མཆོད་པ་ཤིན་ཏུ་རྒྱས་པ་དང༌། དགེ་འདུན་རྣམས་ལའང་བསྙེན་བཀུར་ཕུལ་དུ་ཕྱིན་པ་བསྒྲུབས་པ་དང༌། ཁྱད་པར་ཟླ་བ་དེའི་ཚེས་བཅུའི་ཉིན་དགེ་སློང་རགས་བསྡུས་ཀྱི་སེར་སྦྲེང་དང་བཅས་ཏེ་འདྲ་སྐུ་རིན་པོ་ཆེ་དང༌། དུས་ཐང་གཉིས་ལམ་འབྲས་ལྷ་ཁང་དང༌། གཙུག་ལག་ཁང་དུ་གདན་དྲངས་ཏེ། དེའང་འདྲ་སྐུ་རིན་པོ་ཆེར་ནང་གོས་དམར་སེར་ལས་གྲུབ་པའི་སྣམ་སྦྱར་ལ་སོགས་པའི་ན་བཟས་བཀླུབས་ཏེ་ལམ་འབྲས་ལྷ་ཁང་དུ་བཞུགས་སུ་གསོལ་ཞིང༌། དེའི་སྐུ་མདུན་རིན་ཆེན་གཉིས་པ་འདེགས་སྲང་བཞི་དང་ཞོ་བརྒྱད་ལས་གྲུབ་པའི་ཕུད་ཀོང་དང༌། དངུལ་སྲང་ལྔ་དང་ཞོ་བརྒྱད་ལས་གྲུབ་པའི་སྤྱི་བླུགས་དང༌། དངུལ་སྲང་ལྔ་དང་ཞོ་གསུམ་ལས་གྲུབ་པའི་འབྲུ་བར་དང༌། དངུལ་སྲང་བཅུ་གཅིག་དང་ཞོ་ལྔ་ལས་གྲུབ་པའི་དཀར་འཛིན་གྱི་སྟེང་ཞལ་དཀར་ཡུ་རིང་ཟས་སྣས་བཀང་བ་དང༌། དངུལ་སྲང་བདུན་དང་ཞོ་དོ་ལས་གྲུབ་པའི་བཟེད་ཞལ་དང༌། དངུལ་སྲང་བཅོ་བརྒྱད་ལས་གྲུབ་པའི་བུམ་པ་ཆ་ལ་ཁ་རྒྱན་བུམ་གོས་དང་བཅས་པ་དང༌། རྡོལ་དྲིལ་གསེར་མགོ་ཅན་དང༌། ཌ་མ་རུ་དངུལ་དཀྲིས་ཅན་དང༌། ཕྱག་ཏིང་དངུལ་ཐག་ཅན་དང༌། དངུལ་ཐོད་ཁེབས་སྟེགས་གསེར་ཟངས་ལས་གྲུབ་པ་རྣམས་སྦྱོར་འཇགས་ཞུས་པ་དང༌། དེ་ཉིན་ནས་བཟུང་ཉིན་ལྔ་ལ་ཉིན་རེ་བཞིན་རྣམ་ལྔ་བརྒྱ་མཆོད་དང་བཅས་ཏེ་ལམ་འབྲས་ལྷ་ཁང་དུ་དགེ་སློང་བཅུ་རེས་བླ་མ་མཆོད་པ་བགྱིས་པར་བསྙེན་བཀུར་ཕུན་སུམ་ཚོགས་པ་བསྒྲུབས་པ་དང༌། ཡང་ཚེས་བཅུ་ནས་བཟུང་ཉིན་གསུམ་ལ་ཨེ་ཝྃ་པའི་གཙུག་ལག་ཁང་དུ་ཉིན་རེ་བཞིན་རྣམ་གསུམ་བརྒྱ་མཆོད་དང་བཅས་ཏེ་དགེ་འདུན་གང་ཡོད་ཀྱིས་བླ་མ་མཆོད་པ་ཚོགས་པར་ཉིན་གཉིས་ལ་གྲྭ་པ་རེར་ཕྱག་འགྱེད་དངུལ་ཊམ་ཕྱེད་རེ་ཕུལ་བ་དང༌། ཉིན་གཅིག་ལ་གྲྭ་པ་རེར་དངུལ་ཊམ་རེ་ཕུལ་བ་སོགས་བསྙེན་བཀུར་ཤིན་ཏུ་བཟང་བར་བགྱིས་པ་ཡིན་ནོ། །དེ་ལྟ་བུའི་དུས་ཀྱི་