R202: རྣལ་འབྱོར་འཇམ་དཔལ་བཟང་པོ་རྣམ་ཐར།

  • Pagination (Witness A): ༥༡༡
[A:༥༡༡]མཛེས་པར་སྤུད་པ་བཅས་ཀྱང་ཟླ་བ་གསུམ་གྱི་ཁོངས་སུ་ཤིན་ཏུ་སྒྲོས་གཙང་བར་བཞེངས་གྲུབ་པ་ལ་ཡུངས་འབྲུ་ལྟ་བུའི་རིང་བསྲེལ་དང༌། སྐུ་འདྲ་ལི་མ་དང༌། བྱིན་རྟེན་ཁྱད་པར་དུ་འཕགས་པ་འགའ་ཞིག་དང༌། སྲོག་ཤིང་མཚན་ཉིད་དང་ལྡན་པ་དང༌། བླ་མ་བརྒྱུད་པའི་མཚན་ཉིད་འབུམ་ནས་བཟུང་སྟེ་བཀྲ་ཤིས་ཀྱི་བར་རྒྱུད་སྡེ་བཞི་དང་འབྲེལ་བའི་གཟུངས་བསམ་ལས་འདས་པ་དང༌། སྐུ་གདུང་ཡིད་བཞིན་ནོར་བུའི་ཆ་ཤས་ལས་གྲུབ་པའི་སྐུ་འདྲ་རྣམས་ཀྱིས་ཕྱུར་བུར་བཀང་སྟེ། ཚུལ་བཞིན་དུ་བསྒྲུབས་པའི་ནོར་ལྷའི་གཏེར་བུམ་དང༌། གནོད་སྦྱིན་འཁོར་ལོས་ཞབས་བསྡམས་པའི་བར་རྗེ་བཙུན་གོང་མའི་ཕྱག་ལེན་ཇི་ལྟ་བ་བཞིན་བགྱིས་པ་ཡིན་ནོ། །དེ་དག་གི་ཚེ་བཟོ་བོ་ཐམས་ཅད་ལའང་འཛུགས་སྟོན་དང༌། བར་སྟོན་དང༌། གསེར་སྟོན་དང༌། གྲོལ་སྟོན་སོགས་ཤིན་ཏུ་ཟབ་པ་དང༌། རྒྱུན་གྱི་བཟའ་བཏུང་ཕུན་སུམ་ཚོགས་པ་དང༌། ཡོན་དང་གནང་སྦྱིན་ལ་སོགས་པས་ཤིན་ཏུ་ཡིད་ཚིམ་པར་བགྱིས་སོ། །དེ་དག་གི་སྐབས་སུའང་བར་ཆད་ཀྱི་རྣམ་པ་ཅུང་ཟད་ཙམ་ཡང་མེད་ཅིང༌། མཐུན་རྐྱེན་རྣམས་ཀྱང་འབད་རྩོལ་ཆེར་མི་དགོས་པར་ཤུགས་ཀྱིས་འགྲིག་པ་སོགས་མདོར་ན་ཚེགས་ཆུང་ངུས་བདེ་བླག་ཏུ་གྲུབ་པ་ནི་རྗེ་ཉིད་ཀྱི་ཐུགས་རྗེ་ཁོ་ན་ཡིན་པར་གདོན་མི་ཟའོ། །གཞན་ཡང་ཞི་བར་གཤེགས་པ་ནས་བཟུང༌། དེང་སང་གི་བར་ཕལ་ཆེ་བར་ཟླ་རེ་བཞིན་དུས་ཆེན་དང་བསྟུན་ཏེ་དགེ་སློང་ཁ་ཤས་ཀྱིས་བླ་མ་མཆོད་པ་མ་ཆག་པར་བགྱིས་པ་དང༌། ཁྱད་པར་བཤད་མ་ཐག་པའི་དུས་ཐང་དང༌། འདྲ་སྐུ་དང༌། དངུལ་གདུང་རྣམས་ལ་ཐོག་མར་བདག་ཅག་དགེ་སློང་བཅུས་ཚེ་དཔག་ཏུ་མེད་པ་ལ་བརྟེན་པའི་རབ་ཏུ་གནས་པ་ཉིན་གང་མ་ཞིག་བགྱིས་པ་དང༌། དེ་རྗེས་ཤིང་གླང་ས་ག་ཟླ་བའི་ཚེས་གཅིག་ནས་བཟུང༌། བདག་ཅག་དགེ་སློང་བཅུ་གཅིག་གིས་དཔལ་ཀྱེ་རྡོ་རྗེའི་རྡུལ་ཚོན་གྱི་དཀྱིལ་འཁོར་བཞེངས་ཏེ་སྒྲུབ་མཆོད་དང་འབྲེལ་བར་བཟང་པོ་དྲུག་ལྡན་གྱི་རབ་ཏུ་གནས་པ་ཤིན་ཏུ་རྒྱས་པ་ཉིན་བདུན་པ་