[A:༥༡༣]ཚེའང༌། ཐོག་མར་དགུང་ཞག་སྐབས་ཀྱི་བདུན་རེ་རེ་རྫོགས་མཚམས་སུ་རེས་ཉི་གུར་ཕུབ་པ་དང༌། རེས་འཇའ་ཁ་དོག་ལྔ་ལྡན་ཤར་བ་སོགས་མ་ཆད་པར་བྱུང་ཞིང༌། རབ་གནས་ཀྱི་སྐབས་ཀྱང་འཇའ་ཁ་དོག་ལྔ་ལྡན་འདྲ་ཤར་བ་དང༌། འདྲ་སྐུ་རིན་པོ་ཆེ་དང་དུས་ཐང་བཅས་བླ་བྲང་གཞུང་དུ་གདན་དྲངས་པའི་སྐབས་ཀྱང་གློ་བུར་དུ་འཇའ་ཁ་དོག་ལྔ་ལྡན་ཤར་བ་སོགས་ངོ་མཚར་བའི་ལྟས་ཀྱང་འགའ་རེ་བྱུང་ངོ༌། །གཞན་ཡང་སྔ་ཕྱིར་ཨེ་ཝྃ་པའི་བླ་བྲང་ཁག་རྣམས་དང༌། ཐར་རྩེ་རང་གི་གྲྭ་ཚང་དང་ལྟོས་རིགས་རྣམས་ནས་གདུང་འབུལ་བྱུང་བ་ཐམས་ཅད་ཀྱང་གོང་གི་དགེ་ཚོགས་རྣམས་སུ་སྨིན་ངེས་ཞུས་པ་ཡིན་ཅིང༌། གཞན་ཕྱོགས་ཐ་དད་པ་ནས་མགོན་པོ་གང་གི་ཐུགས་སྲས་སུ་གྱུར་པ་རྣམས་ཀྱིས་ཟབ་དགོངས་དབྱིངས་སུ་རྫོགས་པའི་སླད་དུ་ལེགས་བྱས་ཀྱི་སྒོ་འཕར་ཡངས་པོར་ཕྱེས་པའི་ཚུལ་རྣམས་ནི་རེ་རེ་ནས་སྨོས་ཀྱིས་མི་ལང་ངོ༌། །མདོར་ན་བདག་ཅག་གི་དཔལ་ལྡན་བླ་མ་དམ་པ་མཁས་དང་གྲུབ་པ་ཡོངས་ཀྱི་འཁོར་ལོས་སྒྱུར་བ་འདིའི་ཕྱོགས་སུ་བདག་ཅག་རྣམས་ཀྱི་ལུས་ལོངས་སྤྱོད་དུས་གསུམ་བསགས་པའི་དགེ་ཚོགས་དང་བཅས་པ་ཐམས་ཅད་བསྐལ་པ་བརྒྱ་ཕྲག་མང་པོར་ཉིན་རེ་བཞིན་བྱེ་བ་ཕྲག་མང་པོ་བཏང་ཡང་བཀའ་དྲིན་གྱི་ཆ་ཤས་ཙམ་ཡང་འཚོ་བར་མི་ནུས་མོད། འོན་ཀྱང་རེ་ཞིག་བདག་ཅག་རྣམས་ཀྱི་ནུས་པ་ནི་དེ་ཙམ་དུ་ཟད་དོ། །དེ་ལྟར་ཀུན་རྫོབ་ཏུ་གདུལ་བྱ་ཚུ་རོལ་མཐོང་བ་རྣམས་ཀྱི་སྣང་ངོར་ཡོངས་སུ་མྱ་ངན་ལས་འདའ་བ་ཆེན་པོའི་ཚུལ་བསྟན་པར་གྱུར་མོད། མགོན་པོ་གང་གི་ཐུགས་རྗེ་ལ་སྐྱོ་བ་དང་དུབ་པ་མི་མངའ་ཤིང༌། གདུལ་བར་བྱ་བའི་སེམས་ཅན་ལའང་མུ་དང་མཐའ་མེད་པའི་ཕྱི་དུས་འཁོར་བ་ཇི་སྲིད་གནས་པ་དེ་སྲིད་ཀྱི་བར་དུ་གདུལ་བྱ་རྣམས་ཀྱི་ཁམས་དང་བསམ་པ་དང་བག་ལ་ཉལ་དང་རྗེས་སུ་མཐུན་པར་སྤྲུལ་པ་སྣ་ཚོགས་པའི་སྒོ་ནས་སེམས་ཅན་གྱི་དོན་རྒྱུན་མི་འཆད་པར་འབད་མེད་ལྷུན་གྲུབ་ཏུ་འབྱུང་