[A:༥༡༨] །།ད་ནི་རྩོམ་པ་མཐར་ཕྱིན་ཏེ་འཇུག་གི་བྱ་བ་ཚིགས་སུ་བཅད་པ་འགའ་ཞིག་སློབ་དཔོན་དཎྜཱིའི་ཞབས་ཀྱི་གཞུང་ལུགས་ཀྱི་ཏམྦུ་རའི་རྒྱུད་ལས་དྲངས་ཏེ་སྨྲས་པས། ཨོཾ་སྭ་སྟི་སིདྡྷཾ། རྒྱལ་བ་ལས་ཀྱང་དྲིན་གྱིས་ལྷག་པའི་སྐྱབས་ཀུན་འདུས་ཞལ་བླ་མ་དང༌། །གཞན་ཡང་ཡི་དམ་རྒྱལ་བ་སྲས་དང་སློབ་མར་བཅས་པའི་ཚོགས་མཐའ་དག །མི་ཕྱེད་དད་གསུམ་གསེར་ལས་གྲུབ་པའི་གཞལ་མེད་ཁང་ཆེན་འདིར་སྤྱོན་ལ། །ཇི་ལྟར་སྨོན་པའི་དོན་རྣམས་འགྲུབ་པའི་དགེ་མཚན་མེ་ཏོག་བསྙིལ་བར་གསོལ། ༡ །བགྲང་དུ་མེད་པའི་བསྐལ་པ་རྒྱ་མཚོར་ཚོགས་གཉིས་ཐེམ་སྐས་ལ་འཛེགས་ཏེ། །མི་གནས་མྱང་འདས་ནོར་བུའི་ཁྲི་ལ་ཞབས་ཀྱི་པདྨོ་རྣམ་བཀོད་ཀྱང༌། །ནམ༷་མཁ༷འ་དང་མཉམ་ཡིད་ཅན་མ་ལུས་འཆི་མེད་གྲོང་དུ་བཀྲི་བའི་སླད། །ངུར་སྨྲིག་འཛིན་པའི་རྣམ་པར་རོལ་དེར་སླར་ཡང་དད་པས་ཕྱག་བགྱིའོ། ༢ །ཁྱད་པར་བྱམས་བརྩེ་དྲི་ཡི་གཞོན་པ༷ས་རྒྱལ་རྣམས་ཡེ་ཤེས་ཆུ་ཡི་གཏེར། །ཡང་ཡང་བསྲུབས་ལས་འདི་ན་ཀུན༷་དག༷འི་མཚན་དཔེའི་ཆ་ཤས་རབ་རྫོགས་ཤིང༌། །ཟབ་རྒྱས་ཆོས་ཀྱི་སྣང་བ་འབུམ་སྡེས་བསྟན་འགྲོའི་ཀུ་མུད་བཞད་མཛད་པའི། །ཡོངས་འཛིན་སྨྲ་བའི་ཟླ་བ་གང་དེར་དད་པས་གུས་ཕྱག་ཉིན་བཞིན་བརྩེགས། ༣ །མཁྱེན་པའི་ཡེ་ཤེས་ལྷ་ལམ་ངོགས་སུ་སྙིང་རྗེའི་སྤྲིན་དཀར་རབ་བཀོད་དེ། །གསང་བ་སྔགས་ཀྱི་རྣལ༷་འབྱོར༷་ཟབ་མོའི་བདུད་རྩིའི་གྲུ་ཆར་ཕབ་པ་ལས། །རྣམ་པར་གྲོལ་བའི་ལོ་ཏོག་སྐྱེད་ལ་འཇ༷མ་དཔ༷ལ་དབྱངས་དང་དབྱེར་མེད་ཅིང༌། །མཁས་བཙུན་བཟ༷ང་པོའི་གཙུག་གི་རྒྱན་གྱུར་གང་དེར་སླར་ཡང་ཕྱག་བགྱིའོ། ༤ །གཞན་ཡང་ཟབ་རྒྱས་ཆོས་ཚུལ་རྒྱ་མཚོའི་རིན་ཆེན་དོ་ཤལ་གཡོ་བ་ཡིས། །བདག་བློ་ཕོངས་པའི་གདུང་བ་སེལ་མཛད་དཔལ་ལྡན་བླ་མའི་ཚོགས་རྣམས་དང༌། །རབ་འབྱམས་སྐྱབས་ཡུལ་རྒྱ་མཚོའི་འདུན་སར་ཞིང་གི་རྡུལ་རྙེད་ལུས་སྤྲུལ་ཏེ། །