[A:༥༡༩]གསོལ་འདེབས་ངག་གི་རོལ་མོ་འཁྲོལ་བཞིན་དད་པས་གུས་ཕྱག་ཉིན་བཞིན་སྟོབ། ༥ །འདི་ན་བདག་བློ་དད་པའི་གྲུ་བོ་བརྩོན་འགྲུས་རླུང་གིས་བསྐྱོད་པ་ལས། །རྣམ་ཐར་མི་ཟད་ནོར་བུའི་གླིང་ནས་ཐུན་མོང་དག་ཏུ་རབ་གྲགས་པའི། །རྟོགས་བརྗོད་རིན་ཆེན་ཉུང་ཤས་བླངས་གང་ཐར་འདོད་དད་པའི་གསོས་ཉིད་དུ༌། སྡེབ་ལེགས་ཚིག་གི་ཕྲེང་བར་སྤེལ་བའི་ལེགས་བྱས་རྨད་བྱུང་འདིས་མཚོན་ཏེ། ༦ །རང་ལུས་ལོངས་སྤྱོད་དུས་གསུམ་བསགས་པའི་དགེ་བའི་རྩ་བ་ཇི་སྙེད་པ། །རྣམ་པར་རི་གླིང་ཉི་ཟླ་དང་བཅས་བྱེ་ཕྲག་བསམ་གྱིས་མི་ཁྱབ་པར། །སྤྲུལ་པའི་ལྟད་མོ་གསར་དུ་ངོམས་འདིས་ཚངས་པའི་ཁེགས་པ་སྙིལ་བྱེད་ཅིང༌། །ཀུན་བཟང་མཆོད་པའི་སྤུན་ཟླར་གྱུར་གང་དགྱེས་པའི་སྤྱན་ཟུར་ལྷུང་ཕྱིར་འབུལ། ༧ །གང་གི་རྣམ་ཐར་སྒྲོ་སྐུར་སྤངས་ཏེ་རང་བཞིན་བརྗོད་པའི་རྒྱན་ཉིད་དུ། །སྤེལ་བའི་ལེགས་བཤད་བདུད་རྩིའི་རྫིང་འདིར་བློ་ངན་རྡུལ་གྱིས་བསླད་པ་ཡི། །ནོངས་པ་གང་མཆིས་འཕགས་རྣམས་འདུན་སར་སྟོབས་བཞི་ནོར་བུ་ཀེ་ཏ་ཀས། །ཡང་ཡང་ཡིད་ཀྱི་རྙོག་མ་བགྲུངས་ན་དྭང་བའི་དགའ་སྟོན་ཅི་ཡང་སྩོལ། ༨ །ཞོ་འཐུང་རུས་པས་བདར་དུ་མེད་ཅིང་ཆུ་བོའི་རྒྱུན་གྱིས་མི་འདག་པའི། །ཐོག་མ་མེད་པའི་དུས་ནས་བསགས་པའི་སྡིག་ལྟུང་དྲི་མ་སྟུག་པོ་ཡིས། །རང་སེམས་བདེ་གཤེགས་སྙིང་པོའི་ཁམས་ཀྱི་མཛེས་པ་རབ་ཏུ་སྨ་ཕབ་པ། །སླར་ལ་སྟོབས་བཞིའི་ཆུ་ཡིས་བཀྲུས་ལས་དག་པའི་དགེ་མཚན་ལྷག་པར་ངོམས། ༩ །འཕགས་བོད་མཁས་དང་གྲུབ་པ་ཡོངས་ཀྱི་ཕྲིན་ལས་གཅིག་ཏུ་བསྡུས་འདྲ་བའི། །དཔལ་ལྡན་བླ་མ་དམ་པ་གསུམ་གྱྀ་རྣམ་ཐར་རྨད་དུ་བྱུང་བས་མཚོན། །སྲིད་དང་ཞི་བའི་ལེགས་སྤྱད་ཇི་སྙེད་ཉིན་མོར་བྱེད་པའི་གཟི་འོད་ལ། །རྗེས་སུ་ཡི་རངས་པདྨོའི་འདབ་རྒྱ་རྣམ་པར་གྲོལ་བའི་མཚར་སྡུག་གཡོ། ༡༠ །ཕྱོགས་བཅུ་རབ་འབྱམས་མུ་མེད་ཞིང་ན་ཆོས་སྟོན་ཇི་སྙེད་བཞུགས་ཀུན་གྱི། །