R202: རྣལ་འབྱོར་འཇམ་དཔལ་བཟང་པོ་རྣམ་ཐར།

  • Pagination (Witness A): ༥༡༧
[A:༥༡༧]བཀོད་ཟིན་ཏོ།། །།སླར་སྨྲས་པ། ངོ་མཚར་མཁྱེན་བརྩེ་ནུས་པའི་ཆུ་ཀླུང་ཇི་སྙེད་གཅིག་ཏུ་འཁྱིལ་བ་ལས། །ངོ་མཚར་བཤད་སྒྲུབ་དཔག་བསམ་ལྗོན་པ་སྔོན་མེད་གསར་དུ་སྐྱེད་བསྲིངས་པས། །ངོ་མཚར་ཕན་བདེའི་འདོད་རྒུ་སྦྱིན་ལ་ཙིནྟཱ་མ་ཎིས་མཚོན་མིན་པ། །ངོ་མཚར་མི་ཟད་དུ་མའི་གཏེར་གྱུར་དཔལ་ལྡན་བླ་མར་ཕྱག་བགྱིའོ། །གང་གི་རྣམ་ཐར་ཡོན་ཏན་རིན་ཆེན་གཏེར། །ཡིད་འཕྲོག་དོན་གྱི་ལྟད་མོ་འབུམ་འབྱིན་པ། །དེ་ཀུན་ཚིག་གི་སྲད་བུར་བརྒྱུ་བ་ལ། །རྒྱལ་བ་རྣམས་ཀྱང་ངལ་བའི་རྣམ་པ་འཛིན། །འོན་ཀྱང་བདག་བློའི་ཁབ་ཀྱི་བུ་ག་རུ། །ཆུད་པའི་རྟོགས་བརྗོད་ཕྲ་རབ་རྡུལ་ལྟ་བུ། །འདི་གཏན་ཕོངས་པའི་གདུང་བ་སེལ་བ་གང༌། །སྡེབ་ལེགས་ཚིག་གི་རྒྱལ་མཚན་རྩེ་ལ་བཀོད། །འདི་ན་གང་མཚན་རྣ་བར་ལྷུང་བ་ཡང༌། །སྐྱེ་བ་བརྒྱ་ཕྲག་མང་པོར་རྙེད་དཀའ་ན། །རྣམ་ཐར་དྲན་བཞིན་གསོལ་བ་བཏབ་པའི་མོད། །རྣམ་གྲོལ་འདོད་རྒུ་སྦྱིན་ལ་སོམ་ཉི་ཅི། །དེ་སླད་འཁོར་བས་བྱས་པའི་དཔལ་འབྱོར་རྣམས། །སྐད་ཅིག་མི་གནས་ཀློག་གི་ཐག་པ་ལྟར། །མཐོང་ན་ཞི་བའི་ནགས་ཀླུང་བསྟེན་བྱེད་པའི། །ཐར་འདོད་དད་པའི་གསོས་སུ་འདི་ལོངས་ཤིག །འདིར་འབད་དགེ་ཚོགས་སྤོས་ཀྱི་གླང་པོ་ཡིས། །མ་རུངས་འཁོར་བའི་གཡུལ་ངོ་རབ་བཅོམ་ནས། །དྲིན་གྱིས་ལྕི་བའི་ཡིད་ཅན་ཀུན་ཁྱེར་ཏེ། །བྱང་ཆུབ་སྙིང་པོའི་གྲོང་དུ་འཇུག་གྱུར་ཅིག །དཔལ་ལྡན་བླ་མ་དམ་པ་གསུམ་གྱི་རྟོགས་པ་བརྗོད་པ་ངོ་མཚར་མེ་ཏོག་གཡོ་བའི་འཁྲི་ཤིང་བྱིན་རླབས་འདོད་རྒུའི་འབྱུང་གནས་ལས། མཁན་ཆེན་རྡོ་རྗེ་འཆང་རྣལ་འབྱོར་འཇམ་དཔལ་བཟང་པོ་བཀྲ་ཤིས་གྲགས་པའི་རྒྱལ་མཚན་དཔལ་བཟང་པོའི་ཞལ་སྔ་ནས་ཀྱི་རྟོགས་པ་བརྗཽད་པའི་ཡལ་འདབ་སྟེ་གསུམ་པའོ།།