[A:༣༦༣]ནས་མ་ཏི་ལུགས་ཀྱི་འཇམ་དཔལ་དཀར་པོའི་རྗེས་སུ་གནང་བ་དང༌། དཔལ་རྡོ་རྗེ་འཇིགས་བྱེད་རྭ་ལུགས་ལྷ་དགུའི་དཀྱིལ་འཁོར་དུ་དབང་བསྐུར་བ་དང༌། འཆི་བདག་ལས་ཀྱི་གཤིན་རྗེ་དམ་ཅན་ཆོས་ཀྱི་རྒྱལ་པོ་ལྷ་བཅུ་གསུམ་གྱི་རྗེས་སུ་གནང་བ་རྣམས་གསན་པ་དང༌། གསང་སྔགས་སྔ་འགྱུར་འཛིན་པ་སྙིང་རི་ཁྲི་ཆེན་རིན་པོ་ཆེ་པདྨ་བདུད་འདུལ་མཐུ་སྟོབས་རྒྱལ་མཚན་པའི་དྲུང་ནས་ལས་འབྲེལ་ལུགས་ཀྱི་གཟའ་བདུད་ཀྱི་སྲོག་དབང་དང༌། དེ་དང་འབྲེལ་བར་གཟའི་བྱད་འགྲོལ་དུག་དབྱུང་དང་བཅས་པ་དང༌། བྱད་འགྲོལ་གསེར་ལྡེ་སོགས་ཆོས་འབྲེལ་ཙམ་གསན་པ་དང༌། ཆོས་ཀྱི་སྤྱན་རས་བཀྲ་བ་འདམ་ཐོག་བླ་མ་རིན་ཆེན་གྲགས་པ་ལས་གྲུབ་ཆེན་ཨ་བྷ་ཡས་ཕྱོགས་གཅིག་ཏུ་བསྒྲིགས་ཤིང་ཡར་ལུང་ལོ་ཙཱ་བ་གྲགས་པ་རྒྱལ་མཚན་གྱིས་བསྒྱུར་བའི་སྒྲུབ་ཐབས་རྒྱ་མཚོའི་རྗེས་གནང་བརྒྱ་དང་ཞེ་གཅིག་ཡོངས་སུ་རྫོགས་པ་དང༌། དེའི་རྗེས་གནང་བྱ་ཚུལ་ཐར་པཎ་གྱིས་མཛད་པའི་ཡིག་ཆའི་ལུང་བཅས་གསན་པ་དང༌། དགུང་ལོ་བཅུ་གཉིས་ཆུ་ཁྱི་ལོར་ས་སྐྱ་ནས་འཇམ་མགོན་དབང་སྡུད་སྙིང་པོ་དབུས་ཕེབས་བསྐྱངས་པའི་མར་ལམ་ངོར་དུ་ཕེབས། བླ་ཁག་ཐམས་ཅད་ཀྱིས་ཀྱང་འབུལ་བསྙེན་གྱ་ནོམ་པ་བསྟབས་ཤིང༌། རྗེ་འདིས་ཀྱང་བྱ་རྒྱུད་དེ་བཞིན་གཤེགས་པའི་རིགས་ཀྱི་གཙོ་བོ་ཐུབ་པ་གནས་བརྟན་བཅུ་དྲུག་གི་རྗེས་སུ་གནང་བ་དང༌། མངའ་བདག་ཉང་ཉི་མ་འོད་ཟེར་གྱིས་ཟབ་གཏེར་ནས་སྤྱན་དྲངས་པའི་གུ་རུ་དྲག་དམར་གྱི་དབང་བཞི་ཡོངས་སུ་རྫོགས་པ་བཅས་གསན་པ་དང༌། ཁྱད་པར་དགུང་གྲངས་བཅུ་བདུན་པ་ཤིང་གླང་ཧོར་ཟླ་དགུ་པའི་ནང་མཁན་ཆེན་རྡོ་རྗེ་འཆང་ཆེན་པོ་བྱམས་པ་ནམ་མཁའ་འཆི་མེད་ཀྱང་མདོ་ཁམས་ནས་ཡར་བྱོན། རྗེ་འདིའང་གཞིས་རྩེ་བར་ཕེབས་བསུར་བྱོན་པ་དང༌། གཞན་ཡང་བླ་ཁག་ཁང་ཚན་དང་བཅས་པའི་ཕེབས་བསུའི་ཚོགས་དང་བཅས་ཏེ་ཨེ་ཝྃ་དུ་ཕེབས། དུས་དེ་ཉིད་ནས་བཟུང་སྟེ་ཁུ་བོ་མཁན་ཆེན་