R202: རྣལ་འབྱོར་འཇམ་དཔལ་བཟང་པོ་རྣམ་ཐར།

  • Pagination (Witness A): ༣༦༢
[A:༣༦༢]རང་གི་ལྷ་ཁང་ཁག་རྣམས་ལ་ཡོན་ཆབ་འབུལ་བ་དང༌། ཕྱག་དར་བྱ་བ་དང༌། གཅེན་བྱམས་པ་ཀུན་དགའ་བསྟན་འཛིན་པར་གསོལ་ཇ་འདྲེན་པ་དང༌། གཞན་ཡང་ཕར་སྤྲོད་ཚུར་ལེན་ལ་སོགས་པ་ཐར་རྩེ་རང་གི་བྱ་བ་ཆེ་ཕྲ་མཐའ་དག་མཛད་བཞིན་པའི་ངང་ནས་ས་པཎྜི་ཏ་ཆེན་པོས་མཛད་པའི་བསྟན་བཅོས་སྡོམ་གསུམ་རབ་དབྱེ་དང༌། དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པའི་ལམ་འབྲས་ཀྱི་ཁྲིད་ཡིག་སྣང་གསུམ་མཛེས་པར་བྱེད་པའི་རྒྱན་དང༌། རྒྱུད་གསུམ་མཛེས་པར་བྱེད་པའི་རྒྱན་རྣམས་དགུང་གྲངས་བཅུ་དགུ་ཚུན་ཆད་དུ་ཐུགས་ལ་བཟུང་ནས་ཨེ་ཝཾ་བླ་བྲང་གཞུང་དུ་རྒྱུགས་འབུལ་བ་སོགས་གྲུབ་པར་མཛད་པ་དང༌། དེའང་ཐ་མལ་པའི་བྱིས་པ་ལྟར་གཞན་གྱིས་དབང་མེད་དུ་བསྐུལ་བ་ལ་མ་ལྟོས་པར། རྗེ་འདི་ནི་སྐུ་ན་ཆུང་ངུའི་སྐབས་ཀྱང་ཕྱག་དཔེ་ཅུང་ཟད་རེ་གཟིགས་རྒྱུ་བྱུང་ཚེ་ཐུགས་དགྱེས་པའི་ཞལ་རས་པདྨོ་འཛུམ་པ་ལྟ་བུའི་སྒོ་ནས་རྒྱུན་པར་དཔེ་ཆ་འདི་རྐྱང་པ་ཞིག་བལྟས་ནས་སྡོད་རྒྱུ་བྱུང་ན་ཅི་མ་རུང་སྙམ་པ་ཁོ་ན་ཐུགས་རྒྱུད་ལ་འཁྲུངས་པ་ཞིག་ཡོད་ཅེས་བཀའ་སྩལ་པ་དང༌། གཞན་ཡང་འདུ་འཛི་ལ་མི་དགེས་པའི་སྟོབས་ཀྱིས་ཐུགས་བྲེལ་མེད་པའི་སྐབས་ཀྱང་དབེན་པ་ཁོ་ནར་ཞུགས་པ་ཞིག་ཡོད་པ་ཡིན་ནོ། །དེ་སྐབས་ཤིག་ཏུ་ཕྱག་གཡས་པ་རྩ་དཀར་གྱིས་ཤིན་ཏུ་སྙུན་གཟེར་ཆེ་བར་གྱུར་ཏེ། ནུབ་མོ་གཟིམས་ཀྱང་ཆེར་མི་འོང་བ་ཞིག་བྱུང་རུང༌། སྙུན་ཟུག་ལ་མི་འཛེམས་པར་ལྷ་ཁང་ཁག་རྣམས་ལ་ཕྱག་དར་དང༌། སྐུ་འདྲའི་རྡུལ་ཕྱིས་སོགས་ལ་ཤིན་ཏུ་བརྩོན་པར་མཛད་པས་ནུབ་གཅིག་མནལ་ལམ་དུ། ཕྱག་གཡས་པའི་སོར་མོའི་གསེབ་ནས་སྦྲུལ་ལྟ་བུའི་སེམས་ཅན་མཐོ་གང་ཙམ་ཞིག་ཕྱིར་འཐོན་པའི་སྣང་བ་བྱུང་བ་དང་ལྷན་ཅིག་སྙུན་གཞིའང་ལེགས་པར་དྭངས་པ་ཡིན་ནོ་ཞེས་ཐོས་སོ། །ཁྱད་པར་དགུང་ལོ་བཅུ་གསུམ་པའི་ནང་ཉམས་དང་རྟོགས་པའི་དབང་ཕྱུག་ཕན་ཁང་ཞབས་དྲུང་རིན་པོ་ཆེ་དཔལ་ལྡན་རིན་ཆེན་ཆོས་མཛོད་ཀྱི་དྲུང་