[A:༣༧༢]གྲུབ་སངས་རྒྱས་ཕུན་ཚོགས་པས་མཛད་པའི་ཨེ་ཝྃ་པའི་གདན་རབས་རྣམ་ཐར་ནོར་བུའི་ཕྲེང་བ་བཅས་ཀྱི་ལུང་དང༌། ཉམས་མྱོང་ཚད་མ་རྒྱུད་ལ་སྐྱེད་པར་བྱེད་པའི་ཁྲིད་དངོས་ལ། ཁྲིད་ཀྱི་གཞུང་ཤིང་ཆེན་མོ་བཞིའི་ནང་ཚན་གཞུང་ཤིང་རྒྱས་པ་གཞུང་ཇི་ལྟ་བ་བཞིན་དུ་བཀྲི་བའི་ཁྲིད་ཡིག་ངག་དབང་བརྟན་པའི་རྡོ་རྗེས་མཛད་པའི་གཞན་ཕན་ཕྲིན་ལས་རྒྱས་བྱེད་ཀྱི་སྟེང་ནས་ལམ་གྱི་སྔོན་འགྲོ་སྣང་བ་གསུམ་གྱི་ཁྲིད་སྔོན་དུ་འགྲོ་བའི་སྒོ་ནས་བརྒྱུད་པའི་ཁྱད་པར་གཉིས་ལྡན་གྱི་སེམས་བསྐྱེད་པ་དང༌། དེ་ལས་བྱུང་བའི་དམ་ཚིག་རྣམས་ལ་སྲུང་སྡོམ་ཤེས་པའི་ཆེད་དུ་བྱང་ཆུབ་སེམས་དཔའི་སྡོམ་པ་ཉི་ཤུུ་པའི་འགྲེལ་པ་རྗེ་བཙུན་རིན་པོ་ཆེས་མཛད་པའི་ལུང༌། དེ་ནས་སློབ་མ་རྗེས་འཛིན་སོགས་དབང་གི་མངོན་པར་རྟོགས་པ་བརྒྱད་དང་ལྡན་པའི་སྒོ་ནས་དཔལ་ཀྱེ་རྡོ་རྗེ་མན་ངག་ལུགས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་དང༌། དེ་ལས་བྱུང་བའི་དམ་ཚིག་དང་སྡོམ་པ་རྣམས་མི་ཉམས་པར་སྦྱོང་བའི་ཐབས་གསལ་བར་སྟོན་པ་རྩ་ལྟུང་འཁྲུལ་སྤོང་རྗེ་བཙུན་རིན་པོ་ཆེ་གྲགས་པའི་ཞབས་ཀྱིས་མཛད་པའི་ལུང་དང༌། དེ་ལྟར་སྨིན་ཟིན་གྲོལ་བའི་སླད་དུ་ལྟ་བས་སྤྲོས་པ་གཅད་པའི་ཕྱིར་ཀུན་གཞི་རྒྱུ་རྒྱུད་ལ་འཁོར་འདས་དབྱེར་མེད་ཀྱི་ལྟ་བ་བསྒོམ་པ། ལམ་གྱི་ཉམས་བསྐྱེད་པའི་ཕྱིར་ལུས་ཐབས་རྒྱུད་ལ་དབང་བཞི་དང་རྗེས་སུ་འབྲེལ་བའི་ལམ་བསྒོམ་པ། འབྲས་བུ་སྐུ་ལྔ་མངོན་དུ་འགྱུར་བའི་ཚུལ་དང༌། ངེས་ཤེས་བསྐྱེད་ཅིང་ཏིང་ངེ་འཛིན་ངོ་ཤེས་པའི་ཕྱིར་ལམ་གྱི་ས་མཚམས་རྣམ་པར་གཞག་པ། འབྲས་བུ་མཐར་ཐུག་སངས་རྒྱས་ཀྱི་ས་བཤད་པ། དེ་ལྟར་ཉམས་སུ་ལེན་པའི་སློབ་མ་ལ་གསང་བ་བཅུའི་རྒྱས་གདབ་ཅིང་སྐལ་ལྡན་གྱི་སློབ་མ་ལ་ཕན་པར་གདམས་པའི་བར་གྱི་ཉམས་ཁྲིད་ཟབ་མོ་ཡོངས་སུ་རྫོགས་པ་དང༌། དེ་དག་གི་སྐབས་སུ་བུམ་དབང་གི་ལམ་གྱི་ནང་ཚན་ནང་བསྐྱེད་རིམ་གྱི་ཐོག་མར། སློབ་དཔོན་གྱི་ཟབ་