R202: རྣལ་འབྱོར་འཇམ་དཔལ་བཟང་པོ་རྣམ་ཐར།

  • Pagination (Witness A): ༣༧༤
[A:༣༧༤]རྒྱ་མཚོ་དཀོན་མཆོག་དཔལ་ལྡན་པས་མཛད་པ། འཐོར་ནས་བསྒྲུབ་ཚུལ་ཐར་པཎ་གྱིས་མཛད་པ་རྣམས་ཀྱི་ལུང་དང༌། ངོར་ལུགས་ཐུན་མོང་མ་ཡིན་པ་གསུང་ངག་སློབ་བཤད་ཀྱི་སྐོར་ལ། རྗེ་བཙུན་རིན་པོ་ཆེས་མཛད་པའི་བླ་མ་བརྒྱུད་པའི་གསོལ་འདེབས་བླ་མ་རྡོར་འཛིན་མ་དང༌། ཚར་ཆེན་གྱིས་མཛད་པའི་བརྒྱུད་འདེབས་དངོས་གྲུབ་རིན་པོ་ཆེའི་ཆར་འབེབས་ཁ་སྐོང་དང་བཅས་པའི་ལུང་བཅས་སྔོན་དུ་འགྲོ་བའི་སྒོ་ནས། ཉམས་མྱོང་ཚད་མ་རྒྱུད་ལ་སྐྱེད་པར་བྱེད་པའི་ཁྲིད་དངོས་ནི། རྡོ་རྗེ་འཆང་ཚར་པ་ཆོས་རྗེའི་གསུང་སྒྲོས་འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་གིས་ཟིན་བྲིས་སུ་མཛད་པའི་ཁྲིད་ཡིག་གསང་ཆེན་བསྟན་པ་རྒྱས་བྱེད་ཁའུ་བྲག་རྫོང་པའི་བཞེད་པ་མ་ནོར་བ་ལ་གཞི་བྱས། བུམ་དབང་རྨི་ལམ་མན་ཆད་ཀྱི་ཁྲིད་འཕྲོ་ལུས་པ་རྒྱལ་དབང་ལྔ་པ་རིན་པོ་ཆེས་མཛད་པའི་ཡིག་ཆ་དང༌། གཞན་ཡང་གསུང་བཤད་ཀྱི་རྒྱབ་སྐྱོར་དུ་དགོས་པའི་ཡིག་ཆ་རྣམས་ཀྱི་སྟེང་ནས་ལམ་གྱི་སྔོན་འགྲོ་སྣང་བ་གསུམ་གྱི་ཁྲིད་ཤིན་ཏུ་ཞིབ་པས་རྒྱུད་སྦྱངས་ཤིང༌། དེ་དག་གི་སྐབས་སུ་ཐོག་མར་མན་ངག་གི་བྱུང་ཚུལ་དང༌། བྱུང་བའི་ཆོས་ལ་བཤད་སྒྲུབ་ཇི་ལྟར་བྱ་ཚུལ་གྱི་རྣམ་གཞག་ཞིབ་པར་གསུངས་པ་དང༌། དེ་ནས་བརྒྱུད་པའི་ཁྱད་པར་གཉིས་ལྡན་གྱི་སེམས་བསྐྱེད་པ་དང༌། དངོས་གཞི་རྡོ་རྗེ་ཐེག་པའི་ལམ་གྱི་རྩ་བ་སྨིན་གྲོལ་གཉིས་ཀྱི་དང་པོ་སྨིན་བྱེད་དབང་གི་མངོན་པར་རྟོགས་པ་བརྒྱད་དང་ལྡན་པའི་སྒོ་ནས་དཔལ་ཀྱེ་རྡོ་རྗེ་མན་ངག་ལུགས་ཀྱི་དབང་བསྐུར་བ་ཨཥྟའི་བཟླས་ལུང་དང་བཅས་པ་དང༌། དེ་དག་གི་སྐབས་སུ་ཁས་བླངས་པའི་དམ་ཚིག་དང་སྡོམ་པའི་རྣམ་གཞག་གསལ་བར་སྟོན་པ་རྩ་ལྟུང་འཁྲུལ་སྤོང་རྗེ་བཙུན་གྱིས་མཛད་པ། རྒྱུན་གྱི་བཟའ་བའི་དམ་ཚིག་བདུད་རྩི་རིལ་བུ་བསྒྲུབ་ཚུལ་བདག་ཆེན་རྡོ་རྗེ་འཆང་གིས་མཛད་པ། ཁྱད་པར་གྱི་བཟའ་བའི་དམ་ཚིག་ཚོགས་འཁོར་འབྲིང་པོ་རྗེ་བཙུན་རིན་པོ་ཆེས་མཛད་པ།