[A:༣༧༥] འཕགས་པས་མཛད་པའི་ཚོགས་འཁོར་བདུད་རྩི་བུམ་པ། རྗེ་བཙུན་གྱིས་མཛད་པའི་རབ་གནས་དོན་གསལ། ས་པཎ་གྱིས་མཛད་པའི་ཨཥྟའི་གཞི་བཤད་རྣམས་ཀྱི་ལུང༌། གྲོལ་བྱེད་ཁྲིད་ལ། དབང་གི་ཡེ་ཤེས་ལ་ལོག་པར་རྟོག་པ་དགག་ཅིང་འོག་ནས་འབྱུང་བའི་ལམ་ཐམས་ཅད་སྐྱོན་མེད་དུ་བསྒྲུབ་པའི་ཕྱིར་འཁོར་འདས་དབྱེར་མེད་ཀྱི་ལྟ་བའི་ཁྲིད་དང༌། དེ་ནས་བདག་མེད་ལྷ་མོ་བཅོ་ལྔའི་རས་བྲིས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་དང༌། དེའི་རྗེས་སུ་ལུས་ཐབས་རྒྱུད་ལ་དབང་བཞི་དང་རྗེས་སུ་འབྲེལ་བའི་ལམ་བཞིའི་དང་པོ་བུམ་དབང་གི་ལམ་ལ་ཕྱི་བསྐྱེད་རིམ་གྱི་ཁྲིད་སེམས་འཛིན་དང་བཅས་པ་དང༌། དེ་ནས་ཕྱི་རོལ་དུ་ཞེན་པའི་གདོན་གྱི་གཉེན་པོར་སློབ་དཔོན་གྱི་ཟབ་མོ་ལུས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིག་བརྒྱའི་བཟླས་ལུང་དང་བཅས་པ་སྔོན་དུ་འགྲོ་བས་ནང་བསྐྱེད་རིམ་གྱི་ཁྲིད་སེམས་འཛིན་སོགས་བུམ་དབང་གི་ལམ་ཡོངས་སུ་རྫོགས་པ་དང༌། ཕྱི་ནང་བསྐྱེད་རིམ་གྱི་སྐབས་སུ་ཚར་ཆེན་གྱི་ཉི་ཟེར་སོགས་ཀྱི་སྟེང་ནས་བསྒོམ་དོན་ལ་ཐོས་བསམ་གྱིས་སྒྲོ་འདོགས་གཅོད་པའི་བཤད་པ་ཤིན་ཏུ་རྒྱས་པ་དང༌། དེ་ནས་གསང་དབང་དང༌། ཤེས་རབ་ཡེ་ཤེས་དང༌། དབང་བཞི་པ་སྟེ་དབང་བཞི་པོ་རེ་རེ་ལའང་ལམ། ལྟ་བ། གྲུབ་མཐའ། འདའ་ཀ་མ། བར་དོ། རྨི་ལམ། སྒྱུ་ལུས་དང་བཅས་པའི་ཁྲིད་དེ་མདོར་ན་ཉམས་ཁྲིད་ཟབ་མོ་ཡོངས་སུ་རྫོགས་པ་ཤིན་ཏུ་ཞིབ་པ་དང༌། དེ་དག་གི་ཆ་ལག་ཏུ་གཏོགས་པའི་བྱིན་རླབས་ཀྱི་སྐོར་ལ། ལམ་ཟབ་ཕྱི་མའི་ཁྲིད་སྔོན་དུ་འགྲོ་བའི་བྱིན་རླབས་དང༌། དེ་ལས་འཕྲོས་པའི་བླ་མ་རིན་ཆེན་འབྱུང་ལྡན་གྱི་བྱིན་རླབས་དང༌། ཐར་པཎ་གྱིས་མཛད་པའི་བླ་མ་རིན་ཆེན་འབྱུང་ལྡན་གྱི་ཉམས་ལེན་བྱ་ཚུལ་གྱི་ལུང༌། ལམ་ཟབ་ནང་མའི་བྱིན་རླབས་དམིགས་ཁྲིད་དང་འབྲེལ་བ། དེའི་ཉམས་ལེན་ངོར་ཆེན་གྱིས་མཛད་པ། ལམ་ཟབ་ཕྱི་ནང་གི་ཉམས་ལེན་དང༌། བྱིན་རླབས་བྱ་ཚུལ་ཐར་པཎ་གྱིས་མཛད་པ་བཅས་ཀྱི་ལུང༌། བིར་སྲུང་ཕྱི་མའི་བྱིན་རླབས་སྒོམ་ལུང་དང་བཅས་པ་དང༌། བི་རཱུ་པའི་སྐུའི་རྣམ་འགྱུར་དྲུག་གི་ཟིན་བྲིས་དང༌། བིར་སྲུང་བར་ཆད་ཀུན་