R202: རྣལ་འབྱོར་འཇམ་དཔལ་བཟང་པོ་རྣམ་ཐར།

  • Pagination (Witness A): ༣༨༢
[A:༣༨༢]འཆང་བྱམས་པ་ཀུན་དགའ་བསྟན་འཛིན་ས་སྐྱར་ཁྲི་མཇལ་ལ་ཕེབས་པ་དང་ལྷན་ཅིག་བོད་ཀྱི་རྡོ་རྗེ་གདན་དཔལ་ལྡན་ས་སྐྱའི་ཆོས་གྲྭ་ཆེན་པོར་ཕེབས། དུས་གསུམ་གྱི་རྒྱལ་བ་རྣམས་ཀྱི་ཡེ་ཤེས་ཀྱི་སྐུ་འཆི་མེད་ལྷའི་རིགས་སུ་མངོན་པར་བཞེངས་པའི་གོང་མ་སྐུ་ངོ་ཐམས་ཅད་དང༌། སྲིད་པའི་འཇིགས་པ་ཐམས་ཅད་ཡོངས་སུ་གཞིལ་བ་ལ་རྒྱལ་བྱེད་ཀྱི་ཚལ་དང་ཚུལ་མཚུངས་པའི་གཙུག་ལག་ཁང་ལྟ་བས་ཆོག་མི་ཤེས་པ་དང༌། དེ་དག་གི་ནང་དུ་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྐུ་བརྙན་བྱིན་རླབས་ཀྱི་གཟི་འོད་འབར་བ་སྲིད་པ་གསུམ་ན་འགྲན་ཟླ་དང་བྲལ་བ་རྣམས་ལེགས་པར་མཇལ་ཞིང་ཐུགས་སྨོན་རྣམ་པར་དག་པའི་རྒྱས་འདེབས་པ་དང༌། འཇམ་མགོན་ཁྲི་ཆེན་རིན་པོ་ཆེ་ངག་དབང་ཀུན་དགའ་བཀྲ་ཤིས་མཐུ་སྟོབས་བསྟན་འཛིན་བཟང་པོའི་དྲུང་ནས་གུ་རུ་དྲག་དམར་ཉང་ལུགས་ཀྱི་དབང་ཆེན་ཞིག་ཀྱང་གསན་ཏེ་ཧོར་ཟླ་དྲུག་པའི་ནང་ཨེ་ཝྃ་དུ་ཕེབས། ལོ་དེའི་མཇུག་ཏུ་ཁྲོ་རྒྱལ་འབྱུང་པོ་འདུལ་བྱེད་ཀྱི་ལྗགས་བསྙེན་ཟླ་གཅིག་ལྷག་ཙམ་དང༌། དེའི་བཅུ་ཆའི་སྦྱིན་སྲེག་དང་བཅས་པ་མཐར་ཕྱིན་པར་མཛད། དགུང་གྲངས་ཉེར་ལྔ་པ་དཔལ་གདོང་གི་ལོའི་ཧོར་ཟླ་གཉིས་པའི་དམར་ཕྱོགས་ནས་བཟུང་སྟེ་ཟླ་བ་བདུན་གྱི་བར་དུ་ཀྱེ་རྡོ་རྗེ་གཞིའི་བསྙེན་པ་གདན་ཐོག་གཅིག་ཏུ་མཐར་ཕྱིན་པ་དང༌། དེའི་བཅུ་ཆའི་སྦྱིན་སྲེག་དང་བཅས་པ་མཛད་ཅིང༌། དེ་རྗེས་མཁན་རིན་པོ་ཆེ་ཁྲི་ཐོག་པ་བྱམས་པ་ཀུན་དགའ་བསྟན་འཛིན་གྱི་དྲུང་ནས། སྒྲུབ་ཐབས་བརྒྱ་རྩ་ནས་འབྱུང་བའི་ལོ་གྱོན་མའི་རྗེས་གནང་སྔོན་དུ་འགྲོ་བའི་གྲུབ་ཆེན་བིརྺ་པའི་བཞེད་གཞུང་གསུང་ངག་རིན་པོ་ཆེ་ལམ་འབྲས་ཚོགས་བཤད་དུ་གྲགས་པའི་ལམ་གྱི་སྔོན་འགྲོ་སྣང་བ་གསུམ་གྱིས་རྒྱུད་སྦྱངས་ཏེ། བརྒྱུད་པའི་ཁྱད་པར་གཉིས་ལྡན་གྱི་སྒོ་ནས་སེམས་བསྐྱེད་པ་དང༌། དེ་རྗེས་