[A:༣༨༣]དབང་གི་མངོན་པར་རྟོགས་པ་བརྒྱད་དང་ལྡན་པའི་སྒོ་ནས་ཀྱེ་རྡོ་རྗེ་མན་ངག་ལུགས་ཀྱི་རྒྱུ་དུས་ཀྱི་དབང་བསྐུར་བ་དང༌། ལམ་གྱི་དངོས་གཞི་རྒྱུད་གསུམ་གྱི་ཁྲིད་ཡོངས་སུ་རྫོགས་པ་དང༌། དེ་དག་གི་སྐབས་སུ་སློབ་དཔོན་གྱི་ཟབ་མོ་ལུས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་དང༌། གཞན་ཡང་ཨེ་ཝྃ་པའི་ཆོས་སྤྱོད་དུམ་བུ་གསུམ་ཁ་སྐོང་དང་བཅས་པ་དང༌། རྗེ་དཀོན་མཆོག་ལྷུན་གྲུབ་པས་མཛད་པའི་ཀྱེ་རྡོ་རྗེའི་མངོན་རྟོགས། ལུས་དཀྱིལ། དབང་ཆུ། གཏོར་ཆོག །ཞི་བའི་སྦྱིན་སྲེག །རྒྱས་པའི་སྦྱིན་སྲེག་གི་སྡོམ་རྣམས་དང༌། ཐར་པཎ་གྱིས་མཛད་པའི་རྒྱས་པའི་སྦྱིན་སྲེག་གི་ལྷན་ཐབས། དབང་དང་དྲག་པོའི་སྦྱིན་སྲེག་གི་སྡོམ་དང་ལྷན་ཐབས་རྣམས་དང༌། པདྨ་བཛྲ་གྱིས་མཛད་པའི་བསྟོད་པ་ཉི་ཤུ་པ་དང༌། གྲགས་པས་མཛད་པའི་བསྟོད་པ་དཎྜ་ཀ །དེས་མཛད་པའི་དཀྱིལ་འཁོར་གྱི་བཀྲ་ཤིས་དང༌། རྒྱུད་ནས་ཕྱུང་བའི་མཛད་བཅུའི་བཀྲ་ཤིས་རྣམས་ཀྱི་ལུང༌། བ་རི་ལུགས་ཀྱི་སྒྲུབ་ཐབས་བརྒྱ་རྩར་གྲགས་པའི་རྗེས་གནང་དོན་བརྒྱད་དང༌། མཆིམས་ནམ་མཁའ་གྲགས་ཀྱིས་བསྒྲིགས་པའི་མངོན་རྟོགས་བརྒྱ་རྩ་ལས་བྱུང་བའི་རྗེས་གནང་སུམ་ཅུ་སོ་བཞི་རྣམས་ལེགས་པར་གསན་པར་མཛད་དོ། །འགའ་ཞིག་ཐོས་དང་བསམ་བོར་ནས། །རྨོངས་སྒོམ་བྱིས་པའི་གོམ་སྟབས་ཀྱིས། །ཀུན་མཁྱེན་རྒྱལ་སར་འཛེགས་འདོད་པ། སྨིག་རྒྱུའི་ཆུ་ལ་སྙེགས་པ་བཞིན། །ལ་ལ་མང་དུ་ཐོས་གྱུར་ཀྱང༌། །སྒོམ་པའི་བདུད་རྩི་མི་བསྟེན་པ། །དེ་ཀུན་རྒྱ་མཚོའི་ཀློང་ཉིད་དུ། །སྐོམ་པས་གཟིར་ཏེ་འཆི་དང་མཚུངས། །མཐའ་དེ་གཉིས་ཀ་བསལ་བའི་སླད། །ཟབ་ཡངས་མཁྱེན་བརྩེ་ནུས་པའི་མཐའ། །མཁའ་དང་ཡང་དག་མཚུངས་གྱུར་པའི། །རྣམ་པར་འདྲེན་པ་མང་བསྟེན་ཞིང༌། །ཁྱད་པར་བྱམས་བརྩེའི་འཇུག་པ་ཡིས། །ཆོས་དབྱིངས་ནམ་མཁའི་ཐིག་ལེ་ལས། །ལེགས་འོངས་