[A:༣༨༡]གཏམ་དང་བསྔོ་བ། དེ་ལ་དགོས་པའི་ཚིགས་བཅད་སངས་ཕུན་པས་བསྒྲིགས་པ། བར་དོ་ངོ་སྤྲོད་ཤར་ཁང་པས་མཛད་པ། འོད་དཔག་མེད་ལ་བརྟེན་པའི་འཕོ་བ་དཀོན་མཆོག་དཔལ་ལྡན་པས་མཛད་པ། བུམ་གཏེར་གྱི་ལག་ལེན་དཀོན་མཆོག་ལྷུན་གྲུབ་པས་མཛད་པ། དེའི་ཟུར་འདེབས་སངས་རྒྱས་ཕུན་ཚོགས་པས་མཛད་པ། འཇམ་མགོན་ཀུན་དགའ་བློ་གྲོས་ཀྱིས་མཛད་པའི་དམ་ཚིག་རྡོ་རྗེའི་སྒོམ་བཟླས་དང༌། བཀའ་བསྒོ་བྱ་ཚུལ་ཐུན་མོང་དང་ཐུན་མོང་མ་ཡིན་པ། བརྒྱ་བཞིའི་ཆོ་ག་རྣམས་དང༌། སློབ་དཔོན་པདྨས་མཛད་པར་གྲགས་པའི་གསེར་སྐྱེམས་དང༌། བདག་ཆེན་རྒྱ་གར་བས་མཛད་པའི་བསང་གཞུང་སོགས་བསང་ཡིག་གི་སྐོར་དང་བཅས་པའི་ལུང་རྣམས་ལེགས་པར་གསན་ཅིང༌། དེ་ཐམས་ཅད་ཀྱི་ཕྱག་ལེན་ཕྲ་མོ་ཚུན་ཆད་ཀྱང་ཤིན་ཏུ་མཐར་ཕྱིན་པར་ཐུགས་སུ་ཆུད་པར་མཛད་པ་ཡིན་ནོ། །རྗེ་འདི་དགུང་གྲངས་ཉི་ཤུར་སོན་པ་རྣམ་བྱུང་གི་ལོར་ཁུ་བོ་མཁན་ཆེན་རྡོ་རྗེ་འཆང་ཆེན་པོ་དེ་ཉིད་ཀྱང་མདོ་ཁམས་ཀྱི་བསྟན་འགྲོའི་དོན་དུ་ཆིབས་ཀྱི་གདོང་བསྒྱུར། རྗེ་འདིས་ཀྱང་བདེ་མཆོག་ལཱུ་ནག་གི་ཆོ་ག་ཐུགས་འཛིན་བསྐྱངས་ཏེ་ཨེ་ཝཾ་པའི་སྒྲུབ་མཆོད་དུ་ལོ་བཞི་ཙམ་ཕེབས་པ་དང༌། གཞན་ཡང་ཆོ་གའི་ཕྱག་ལེན་དང༌། གཞུང་གི་གོ་དོན་རྣམས་ལ་གཟིགས་རྟོག་རྒྱ་ཆེར་བསྐྱངས་པ་དང༌། ཇི་ལྟར་ཐོས་པའི་ཆོས་རྣམས་ཀྱང་བསམ་བྱུང་གི་རིག་པས་ཡང་དང་ཡང་དུ་དཔྱད་ཅིང་གཏན་ལ་ཕབ་པས་མ་རྟོགས་པ་དང༌། ལོག་པར་རྟོག་པའི་ཐེ་ཚོམ་གྱི་དྲི་མ་མཐའ་དག་རྒྱང་རིང་དུ་བསལ་བ་དང༌། བསམ་པས་སྒྲོ་འདོགས་ཆོད་པ་རྣམས་ཀྱང་སྙན་བརྒྱུད་ཀྱི་གདམས་པ་ཁྱད་པར་ཅན་དང་སྦྱར་ཏེ་སྒོམ་པས་ཉམས་སུ་བཞེས་པར་མཛད་དོ། །དགུང་གྲངས་ཉེ་བཞིར་སོན་པ་ཆུ་སྤྲེལ་ལོའི་ཧོར་ཟླ་ལྔ་པའི་ནང་མཁན་ཆེན་རྡོ་རྗེ་