R202: རྣལ་འབྱོར་འཇམ་དཔལ་བཟང་པོ་རྣམ་ཐར།

  • Pagination (Witness A): ༣༨༥
[A:༣༨༥]མཆོག་ནས་ཕྱག་བྲིས་རེ་སྩལ་འདུག་པར། ཁུ་བོ་མཁན་ཆེན་སྐུ་ན་མཐོ་བར་བརྟེན་དབང་ལུང་གི་འཕྲོ་རྣམས་གསན་པའི་ཕྱིར་མདོ་ཁམས་སུ་ཕེབས་རྒྱུ་མཛད་ཚེ། ཤིང་ཁྱི་ལོར་བྱོན་ན་མར་ལམ་གྱི་ཞབས་འབྲིང་སོགས་ཅི་དགོས་ཀུན་དགའ་དབང་རྒྱལ་ནས་ཞུས་ཆོག་ཚུལ་ཕེབས་རུང༌། འཕྲལ་དུ་ཕེབས་ཆས་སོགས་གང་ཅི་ནས་འགྲིག་དཀའ་བར་བརྟེན་ལོ་ཕྱི་མ་ཤིང་ཕག་ལོར་ཕེབས་རྒྱུ་མཛད། དེ་ལོ་དོན་གཉེར་རྣམས་ཀྱི་ངོར་ཆོས་ཀྱི་བདུད་རྩིའང་ཅི་རིགས་པ་སྩལ། ཁྱད་པར་ཧོར་ཟླ་བཅུ་གཅིག་པའི་མཇུག་ཏུ་ཡོན་ཏན་རིན་པོ་ཆེ་དུ་མའི་འབྱུང་གནས་དཔལ་ལྡན་ས་སྐྱའི་ཆོས་གྲྭ་ཆེན་པོར་ཕེབས། དེར་བཞུགས་པའི་བདག་ཆེན་འཇམ་པའི་དབྱངས་སྐུ་ངོ་ཁག་རྣམས་སུ་སྐྱབས་འཇུག་ཞུ་མཚོན་གྱི་འབུལ་བ་དང༌། ལྷ་ཁང་ཁག་རྣམས་སུ་མཆོད་འབུལ་དང་ཐུགས་སྨོན་སོགས་ཞིབ་པར་མཛད། ཁྲི་ཆེན་གྲུབ་པའི་དབང་ཕྱུག་ངག་དབང་ཀུན་དགའ་བཀྲ་ཤིས་མཐུ་སྟོབས་བསྟན་འཛིན་བཟང་པོའི་དྲུང་ནས་གུ་རུ་དྲག་དམར་ཉང་ལུགས་ཀྱི་དབང་དང༌། སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་རིན་ཆེན་གྱི་དྲུང་ནས་རྟ་མགྲིན་གསང་སྒྲུབ་ཀྱི་རྗེས་སུ་གནང་བ་དང༌། རྗེ་བཙུན་མ་འཆི་མེད་བསྟན་པའི་ཉི་མའི་དྲུང་ནས་ཐང་སྟོང་པ་ནས་བརྒྱུད་པའི་ཚེ་རྟ་ཟུང་འབྲེལ་གྱི་དབང་བཅས་གསན་ནས་ཨེ་ཝྃ་དུ་ཕེབས། མདོ་ཁམས་སུ་ཕེབས་རྒྱུའི་ཉེར་བསྡོགས་རྣམས་ཀྱང་ཇི་ལྟར་འོས་པ་བརྩམས་ཏེ། དགུང་གྲངས་ཉེར་བདུན་པ་ཤིང་ཕག་ལོར་ཨེ་ཝྃ་ནས་ཆིབས་ཀྱི་གདོང་བསྒྱུར་ཉེ་བ་ན་ཁུ་བོ་མཁན་ཆེན་རྡོ་རྗེ་འཆང་ཆེན་པོའི་ཕྱག་བྲིས་ཞིག་འབྱོར་ཏེ། དེ་སྔ་ཨེ་ཝྃ་ནས་ཐོན་ཚར་མེད་ཚེ། འདི་ལོ་གྲྭ་པ་གཉིས་འབུལ་སྐྱེལ་དུ་གཏོང་རྒྱུ་ཡིན་པས་དེ་དང་ལྷན་ཅིག་གིས་ལོ་ཕྱི་མ་མེ་བྱི་ལོར་འབྱོན་རྒྱུ་བྱས་ན་ལེགས་ཚུལ་ཕེབས་པར་བརྟེན་དེ་ལོ་ཨེ་ཝྃ་རང་དུ་བཞུགས། ལོ་དེའི་