R202: རྣལ་འབྱོར་འཇམ་དཔལ་བཟང་པོ་རྣམ་ཐར།

  • Pagination (Witness A): ༣༨༤
[A:༣༨༤]འཆི་མེད་རྡོ་རྗེའི་སྐུ། །གཙུག་གི་རྒྱན་དུ་གུས་བསྟེན་ནས། །ཟབ་རྒྱས་ཆོས་ཀྱི་བདུད་རྩིའི་ཟེར། །ཐུགས་ཀྱི་ ས་མོས་ལ་འཕོས་པས། །གཟོད་ནས་རྟོགས་པའི་ཤེས་རབ་ཀྱི། འདབ་སྟོང་སླར་ཡང་བཞད་པར་བྱས། །དེ་ལྟའི་མང་ཐོས་དགའ་ཚལ་ལས། །བསམས་བྱུང་རིག་པའི་བུང་བ་ཡིས། །མ་ནོར་དོན་གྱི་བཅུད་མྱངས་པས། །ཤེས་རབ་ལང་ཚོ་ཅི་ཡང་རྒྱས། །རྣམ་རྟོག་རྡུལ་གྱིས་མ་གོས་པའི། །རིམ་གཉིས་སྒོམ་པའི་ཆུ་ཀླུང་གིས། །སྤང་བྱའི་དྲི་མ་ཀུན་བཀྲུས་པས། །མྱ་ངན་འདས་པའི་རི་མོ་གསལ།། །།གཉིས་པ་མདོ་ཁམས་སུ་བྱོན་ནས་བསྟན་འགྲོའི་དོན་དང་ཐོས་བསམ་ཇི་ལྟར་མཛད་པའི་ཚུལ་ནི། དེའང་ཀྱེ་རྡོ་རྗེའི་གཞི་བསྙེན་བཞུགས་པའི་སྐབས་སོགས་མནལ་ལམ་ཕལ་ཆེར་ཞིག་ཏུ། སྤང་གཤོང་ཤིན་ཏུ་རྒྱ་ཆེ་བ་སྐབས་སྐབས་སུ་འབྲོག་པའི་སྦྲ་ཡང་ཡོད་པ་ཞིག་ནས་ཞལ་ཤར་དུ་གཟིགས་ཏེ་ཕེབས་པའི་སྣང་བ་ཁོ་ན་བྱུང་བ་དང༌། ཡང་སྐབས་འགར་རྗེ་རང་གིས་དབུ་ཞྭ་ས་ཞུ་ཞིག་མནབས་ཏེ་ཕེབས་པའི་མནལ་ལམ་བྱུང་བ་དང༌། ཡང་སྐབས་འགར་སྡེ་དགེའི་མགོན་ཁང་ཤར་དུ་བཞུགས་པའི་ཆོས་སྐྱོང་གི་ཞལ་འབགས་རྣམས་མནལ་ལམ་དུ་བྱུང་ཞིང༌། གནས་ཚུལ་དེ་བཞིན་ཕྱིས་སུ་ཁུ་བོ་མཁན་ཆེན་རྡོ་རྗེ་འཆང་ཆེན་པོར་སྙན་སྦྲོན་ཕུལ་བ་ན། ངེད་ཀྱང་ཐོག་མར་མདོ་ཁམས་སུ་འོང་ཁར་ཆོས་སྐྱོང་གི་ཞལ་འབགས་ལྟ་བུའི་སྣང་བ་ཡང་ཡང་འཆར་བ་ཞིག་ཡོད་ཅེས་གསུངས་ཤིང༌། དེ་ནི་ཆོས་སྲུང་རྣམས་ཀྱིས་བསྟན་འགྲོའི་དོན་ལ་འབྱོན་པར་བསྐུལ་བ་དང༌། ཕེབས་བསུའི་རྣམ་པ་ལྟ་བུ་ཡིན་པར་སེམས་ལ། གང་ལྟར་ཡང་ཀྱེ་རྡོ་རྗེའི་གཞི་བསྙེན་གྲོལ་མཚམས་སུ་སྡེ་དགེའི་གཉེར་ཆེན་ཀུན་དགའ་དབང་རྒྱལ་དཔོན་མཁོར་རྣམས་ཨེ་ཝྃ་དུ་འབྱོར། དེ་གདོང་དུ་ཁུ་བོ་མཁན་ཆེན་རྡོ་རྗེ་འཆང་ཆེན་པོ་དང༌། སྡེ་དགེ་ཆོས་རྒྱལ་