[A:༣༨༦]མཇུག་ཏུ་མདོ་ཁམས་ནས་ཁུ་བོ་མཁན་ཆེན་རྡོ་རྗེ་འཆང་ཆེན་པོའི་གྲྭ་ཚང་གྲས་ཀུན་དགའ་རྒྱལ་མཚན་པ་དང༌། ཀུན་དགའ་ཡེ་ཤེས་འཁོར་བཅས་ཀྱང་ཨེ་ཝྃ་དུ་འབྱོར། བླ་མ་སོ་སོར་འབུལ་བ་དང་དགོན་པར་མང་འགྱེད་སོགས་གཏོས་ཆེ་བར་བསྒྲུབས། རྗེ་འདིས་ཀྱང་ལྷ་ཁང་ཁག་རྣམས་སུ་མཆོད་འབུལ་དང༌། ཆོས་སྲུང་ལ་སྐོང་ཕྲིན་དང༌། ཡུལ་ལྷར་བསང་མཆོད་ལ་སོགས་པ་སྐབས་སུ་བབ་པའི་རིམ་གྲོའི་རིགས་རྣམས་ཀྱང་བསྒྲུབས་ཏེ། དགུང་གྲངས་ཉེར་བརྒྱད་དུ་སོན་པ་འཛིན་བྱེད་ཀྱི་ལོའི་ས་ག་ཟླ་བའི་དཀར་ཕྱོགས་ཀྱི་རྒྱལ་བ་དང་པོའི་ཉིན་རྗེ་བཙུན་དམ་པ་སྐུ་འཁོར་ཆིབས་སྐྱེལ་གྱི་ཚོགས་དང་བཅས་ཏེ་ཨེ་ཝྃ་ནས་ཆིབས་ཀྱི་གདོང་བསྒྱུར། རིམ་བཞིན་བྱང་བརྒྱུད་དེ་ཤིན་ཏུ་མཐོ་ཞིང་བརྗིད་པའི་སྙེམས་པས་འཆི་བ་མེད་པའི་གྲོང་ཁྱེར་དུ་སྙོམས་པ་ལྟ་བུའི་ལ་ལུང་དུ་མ་དང༌། ཉི་འོད་ཀྱིས་བཞུས་པའི་གནམ་སྔོན་གྱི་ཞུན་མ་ས་ལ་འཁྱིལ་པ་ལ། རྒྱུ་སྐར་གྱི་ཕྲེང་བ་འཐོར་བ་དང་འདྲ་བའི་ཆུ་བོ་དང་ཆུ་ཕྲན་དུ་མ་དང༌། ཀུན་གསལ་བུ་མོའི་བཞིན་རས་ཀྱི་མཐའང་མཚོན་པར་ནུས་པའི་མི་ཟད་པའི་ཐང་ཆེན་པོ་རྣམས་རིམ་གྱིས་བརྒལ་ཏེ། གྲོ་ཞུན་ཟླ་བའི་དཀར་ཕྱོགས་ཀྱི་གྲལ་ཚེས་བཞིའི་ཉིན་ཕེབས་བསུ་རིང་ཐུང་གི་ཚོགས་ས་ཆེན་པོའི་རྡུལ་ལ་འགྲན་པ་དང་བཅས་ཏེ་དཔལ་ལྡན་ལྷུན་གྲུབ་སྟེང་གི་རྒྱལ་ཁབ་ཆེན་པོར་ཉེ་ཞོའི་དྲི་མས་མ་གོས་པར་བདེ་བར་ཕེབས། ཟླ་བ་དེའི་ཚེས་བཅུ་གསུམ་ཉིན་ཁུ་བོ་མཁན་ཆེན་རྡོ་རྗེ་འཆང་ཆེན་པོ་ཡང་བཀྲ་ཤིས་ཆོས་རྫོང་ནས་ལྷུན་གྲུབ་སྟེང་གི་རྒྱལ་ཁབ་ཏུ་ཕེབས་ཏེ་ཁུ་དབོན་གསེར་ཞལ་ལྷན་རྒྱས་པར་ཞག་བདུན་ཙམ་བཞུགས། དེའི་བར་ལ་གཏང་རག་གི་སྐོང་གསོ་ལ་སོགས་པ་མཛད། སླར་ཁུ་བོ་མཁན་ཆེན་མཆོག་བཀྲ་ཤིས་ཆོས་རྫོང་དུ་ལྷ་སྲས་རིན་པོ་ཆེ་རྣམས་ཀྱི་སྐུའི་རྐྱེན་སེལ་སྒྲུབ་པར་ཕེབས། རྗེ་འདིས་སྟོབས་ཀྱི་འཁོར་ལོས་སྒྱུར་བ་