R202: རྣལ་འབྱོར་འཇམ་དཔལ་བཟང་པོ་རྣམ་ཐར།

  • Pagination (Witness A): ༣༨༧
[A:༣༨༧]སྡེ་དགེ་ཆོས་རྒྱལ་ཆེན་པོ་འཁོར་དང་བཅས་པར་ལ་རོང་འབུལ་བ་སོགས་ཟབ་པར་འབུལ་བར་མཛད་པ་དང༌། ཚུར་ཡང་དེ་དག་སོ་སོ་ནས་དབུ་ཐོན་ལེགས་འབུལ་གྱི་རིགས་ཤིན་ཏུ་རྒྱ་ཆེ་བར་ཕུལ། དེ་ལོ་ལྷུན་གྲུབ་སྟེང་རང་དུ་བཞུགས་ཤིང་ཆོས་རྒྱལ་ཆེན་པོས་ཇི་ལྟར་བཞེད་པའི་རྐྱེན་སེལ་རྣམས་བསྒྲུབ་པ་དང༌། ཁྱད་པར་རྒྱུ་སྐར་རྒྱལ་གྱིས་ཉ་བའི་དམར་ཕྱོགས་ཀྱི་རྫོགས་པ་གཉིས་པ་ནས་བཟུང་སྟེ། ཆོ་འཕྲུལ་ཟླ་བའི་ཚེས་བཅུ་དྲུག་གི་བར་དུ་འདུ་བ་ཆེན་མོ་ཞེས་པ་ཆོས་གྲྭ་ཆེན་པོ་དེ་ཉིད་ན་གཉུག་མར་གནས་པའི་དགེ་སློང་གི་དགེ་འདུན་ཇི་སྙེད་བཞུགས་པ་རྣམས་དང༌། གཞན་ཡང་ལྕགས་ར། སྒ་ལེན་སྟེང༌། འཁོར་ལོ་མདོ། རྫོང་ཆེན་མགོ །ཡེ་ན། རབ་བརྟན་བཅས་ཀྱི་དགོན་པ་སོ་སོའི་དགེ་འདུན་ཐམས་ཅད་སྟབས་གཅིག་ཏུ་ཚོགས་ཏེ་འཇིགས་བྱེད་དྲུག་ཅུ་དང༌། ངོར་ལུགས་དཀྱིལ་འཁོར་བདུན་གྱི་སྒྲུབ་མཆོད་རྣམས་གསུངས་པའི་ཚོགས་དབུར་ཕེབས་པ་དང༌། དེ་རྗེས་ཧོར་ཟླ་གསུམ་པའི་ནང་ཆུ་ནག་མར་ཆར་འབེབས་སུ་ཕེབས་ཏེ་ཆོ་ག་གསུངས་མ་ཐག་པ་ནས་ཆར་ཆེན་པོ་བབས། ཐམས་ཅད་ཀྱིས་ཕྱིས་སུ་ཆུ་ནག་མར་བླ་མ་སུ་ཕེབས་ཀྱང་ཆར་ཆེ་རིགས་མི་འབབས་པ་ལ་ད་ལན་བབས་པ་ངོ་མཚར་ཆེ་ཟེར་བ་བྱུང༌། གང་ལྟར་ཡང༌། དེ་ཕྱིན་ཆད་ལོ་རེ་བཞིན་ཆར་འབེབས་སུ་རྟག་པར་ཕེབས་ཤིང་ཆར་མི་འབབས་པ་མི་སྲིད། ཁྱད་པར་དེ་སྔོན་བཀྲ་ཤིས་ཆོས་རྫོང་དུ་ལྷ་སྲས་རིན་པོ་ཆེ་རྣམས་ཀྱི་སྐུའི་རྐྱེན་སེལ་སྒྲུབ་པར་དབྱར་གྱི་རིང་ཁུ་བོ་མཁན་ཆེན་དང༌། དགུན་གྱི་རིང་རོང་པ་ཆོས་རྗེ་བཞུགས་པ་ཡིན་ཀྱང༌། འདི་ལོ་ཆོས་རྒྱལ་མཆོག་ནས་རྗེ་འདི་ཕེབས་དགོས་ཚུལ་གྱི་བཀའ་ནན་སྩལ་པ་ལྟར། མེ་གླང་ས་ག་ཟླ་བའི་ནང་བཀྲ་ཤིས་ཆོས་རྫོང་དུ་ཕེབས། ལྷ་སྲས་རིན་པོ་ཆེ་སྐུ་མཆེད་རྣམས་སུ་ཉིན་རེ་བཞིན་ཚེ་དཔག་མེད་ལྷ་དགུའི་