[A:༣༨༨]དབང་དང༌། རྟ་མགྲིན་དང༌། ཕྱག་རྡོར་དང༌། སོ་འབྲང་བཅས་ཀྱི་རྗེས་གནང་དང༌། རྣམ་དམེ་གང་རུང་གི་ཁྲུས་རེ་བཅས་ཆག་མེད་དུ་འབུལ་དགོས་པ་དང༌། དེའི་སྟེང་དུའང་སྐུ་རིམ་གསར་འཕར་གྱི་དབང་རྗེས་གནང་ཁྲུས་ལ་སོགས་པ་དང༌། ཆོས་སྲུང་རྣམས་ལ་སྐོང་བ་ཕྲིན་བཅོལ་ལ་སོགས་པ་ཇི་དགོས་བསྒྲུབ་པར་མཛད། འདི་ལོ་ཆོས་རྒྱལ་ཆེན་པོ་ཚེ་དབང་རྡོ་རྗེ་རིག་འཛིན་པའང་དབུས་གཙང་ལྗོངས་ཀྱི་རྟེན་གསུམ་རྣམས་མཇལ་བ་དང༌། མཆོད་པ་དང་བསྙེན་བཀུར་སྟོབ་པའི་ཕྱིར་དུ་ཆིབས་བཏེག །ཁུ་བོ་མཁན་ཆེན་རྡོ་རྗེ་འཆང་ཆེན་པོའང་སྒ་སྟོད་ཕྱོགས་སུ་ཆིབས་ཀྱི་ཁ་ལོ་བསྒྱུར། རྗེ་འདི་ཧོར་ཟླ་བཅུ་གཅིག་པའི་ནང་བཀྲ་ཤིས་ཆོས་རྫོང་ནས་ལྷུན་གྲུབ་སྟེང་དུ་ཕེབས། ཧོར་ཟླ་བཅུ་གཉིས་པའི་ཚེས་ཉེར་ལྔ་ནས་བཟུང་དྲུག་འདུའི་དབུ་བཞུགས་སོགས་མཛད་པས་མཁན་ཆེན་རྡོ་རྗེ་འཆང་དབུ་བཞུགས་མཛད་དུས་དང་ཁྱད་མེད་པའི་དགེ་མཚན་ཆེ་བར་ཀུན་གྱིས་གླེང༌། སླར་ཡང་དགུང་གྲངས་སུམ་ཅུ་པ་ས་ཕོ་སྟག་གི་ལོའི་ཧོར་ཟླ་གསུམ་པའི་མཇུག་ཏུ་བཀྲ་ཤིས་ཆོས་རྫོང་དུ་ཕེབས། ལྷ་སྲས་རིན་པོ་ཆེ་སྐུ་མཆེད་རྣམས་སུ་ཆག་མེད་ཀྱི་དབང་རྗེས་གནང་ཁྲུས་རྣམས་འབུལ་བ་དང༌། གསར་འཕར་གྱི་སྐུ་རིམ་རྣམས་ཀྱང་བསྒྲུབ་པར་མཛད། དེ་ལོ་སྡེ་དགེ་ཆོས་རྒྱལ་ཆེན་པོ་དཔོན་འཁོར་རྣམས་ཀྱང་དབུ་ཐོན་གང་ལེགས་ཀྱིས་བོད་ནས་མར་ཕེབས། དེ་དག་ལའང་དབུ་ཐོན་ལེགས་འབུལ་སོགས་སྐབས་སུ་བབ་པ་རྣམས་ཟབ་པར་མཛད། དེ་ལོ་ཧོར་ཟླ་བཅུ་གཅིག་པའི་ནང་རྗེ་འདིའི་མནལ་ལམ་དུ་སྡེ་དགེ་ཆོས་རྒྱལ་ཉིད་ཡིན་སྙམ་པའི་བྱིས་པ་ཞིག་ཆུ་ནང་དུ་མཆོངས་པ་སོགས་མི་དགེ་བའི་ལྟས་འགའ་ཞིག་བྱུང་བ་ལྟར། རྗེ་འདི་བཀྲ་ཤིས་ཆོས་རྫོང་ནས་ལྷུན་གྲུབ་སྟེང་དུ་ཕེབས་ཁར་སྲས་སྐུ་མཆེད་ཀྱི་ཞབས་འབྲིང་བ་སྐུ་ཚབ་ཚེ་རིང་ཕུན་ཚོགས་པར། དེང་སྐབས་སྲས་མོ་ཆུང་བ་ཚེ་དབང་དཔལ་