[A:༣༨༩]མོ་འདི་སྐུ་ཁམས་དྭངས་མིན་ཡོད་པར་མ་ཟད། རྨི་ལྟས་ཀྱང་འཁྲུགས་པ་ཞིག་འདུག་པས། བླ་མ་རྣམས་སུ་ཐུགས་བརྟག་དང་མོ་རྩིས་ཞིབ་པར་བྱས་ཏེ་རིམ་གྲོ་གང་ཟབ་བསྒྲུབས་ན་ལེགས་ཚུལ་གསུངས་པ་བཞིན་སྐུ་ཚབ་པས་དེ་བཞིན་བགྱིས་ཀྱང༌། སེམས་ཅན་རང་རང་གི་ལས་ཀྱི་བསྒོ་སྐལ་ཆུ་བོའི་རྒྱུན་དང་འདྲ་བ་བཟློག་ཏུ་མེད་པས་ཐམས་ཅད་ཀྱིས་སྐུ་གེགས་ཅི་ཡང་མེད་ཚུལ་བཤད་རུང༌། ཟླ་བ་དེའི་ནང་དུ་སྲས་མོ་ཚེ་དབང་དཔལ་མོ་དུས་ཀྱི་ཆོས་ཉིད་དུ་གྱུར། རྗེ་འདིས་ལྷུན་གྲུབ་སྟེང་དུ་ཕེབས་ནས་དྲུག་འདུའི་དབུ་བཞུགས་རྣམས་མཛད། དེ་རྗེས་ལྷ་སྲས་རིན་པོ་ཆེ་རྣམས་ཀྱི་སྐུའི་རྐྱེན་སེལ་སྒྲུབ་པར་ཕུར་པ་བླ་མ་ཆོས་ཀྱི་རྒྱལ་མཚན་པ་བསྐོ་བཞག་སྩལ། རྗེ་འདི་དགུང་གྲངས་སོ་གཅིག་པ་ས་ཡོས་ཧོར་ཟླ་གཉིས་པའི་ཡར་ཚེས་ནས་བརྩམས་ཏེ། སྟོབས་ཀྱི་འཁོར་ལོས་སྒྱུར་བ་སྡེ་དགེ་ཆོས་རྒྱལ་ཆེན་པོས་གསོལ་བ་བཏབ་པའི་ངོར། ཁུ་བོ་མཁན་ཆེན་རྡོ་རྗེ་འཆང་ཆེན་པོས་གསུང་ངག་རིན་པོ་ཆེ་ལམ་འབྲས་སློབ་བཤད་ཀྱི་ཆོས་འཁོར་བསྐོར་བ་རྣམས་རྗེ་འདིས་ཀྱང་གསན་པར་མཛད་དེ། དེའང་ལམ་གྱི་སྔོན་འགྲོ་སྣང་བ་གསུམ་གྱི་ཁྲིད་སྔོན་དུ་འགྲོ་བའི་བརྒྱུད་པའི་ཁྱད་པར་གཉིས་ལྡན་གྱི་ཆོ་གའི་སྒོ་ནས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང༌། དེ་ནས་སློབ་མ་རྗེས་སུ་འཛིན་པ་སོགས་དབང་གི་མངོན་པར་རྟོགས་པ་བརྒྱད་དང་ལྡན་པའི་སྒོ་ནས་དཔལ་ཀྱེ་རྡོ་རྗེའི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཨཥྟའི་བཟླས་ལུང་དང་བཅས་པ་དང༌། ལམ་གྱི་དངོས་གཞི་རྒྱུད་གསུམ་ཡོངས་སུ་རྫོགས་པའི་ཉམས་ཁྲིད་ཤིན་ཏུ་ཞིབ་པ། དེ་དག་གི་ནང་གསེས་ཕྱི་བསྐྱེད་རིམ་གྱི་མགོར་བདག་མེད་ལྷ་མོ་བཅོ་ལྔའི་དབང་དང༌། ནང་བསྐྱེད་རིམ་གྱི་མགོར་སློབ་དཔོན་གྱི་ཟབ་མོ་ལུས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིག་བརྒྱའི་བཟླས་ལུང་དང་བཅས་པ། རྫོགས་རིམ་གྱི་མགོར་