[A:༣༩༢]གྱི་དུས་སུ་ཇོ་བོ་རྗེ་དང༌། འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ཀྱི་རྣམ་ཐར་དང་ཚུལ་མཚུངས་པར་ཡང་སྲིད་སྔ་མ་རྣམས་སུའང་བླ་སློབ་ཀྱི་འབྲེལ་བ་ཟམ་མ་ཆད་པ་ཞིག་ཡིན་པར་གོར་མ་ཆག་སྟེ། དེའང་སྐུ་ཚེ་འདིར་ཐོག་མར་ཞལ་མཇལ་བ་ཙམ་གྱིས་བཅོས་མ་མ་ཡིན་པའི་མོས་གུས་ཆེན་པོ་འཁྲུངས་ཤིང༌། ངེས་པར་རྡོ་རྗེ་འཆང་དངོས་ཡིན་པ་ལ་ཐེ་ཚོམ་ཅུང་ཟད་ཀྱང་མི་མངའ། དུས་རྟག་ཏུ་ཐུགས་མཉེས་པ་ཁོ་ན་ལས་མི་མཉེས་པ་སྐད་ཅིག་ཀྱང་མི་མཛད། ཁྱད་པར་མདོ་ཁམས་སུ་དམིགས་བསལ་དབང་ལུང་གསན་པ་དང༌། སྐུ་ཡོན་གཟིགས་པར་ཕེབས་པ་ཡིན་རུང༌། ཆོས་རྒྱལ་མཆོག་གིས་ལྷ་སྲས་རིན་པོ་ཆེ་རྣམས་ཀྱི་སྐུའི་རྐྱེན་སེལ་སྒྲུབ་པར་ཕེབས་དགོས་ཚུལ་བཀའ་སྩལ་བ་སོགས་ཀྱིས་བཤད་མ་ཐག་པའི་གསུང་ངག་སློབ་བཤད་ཙམ་ལས། བཀའ་ཆོས་གསན་པ་དང་སྐུ་ཡོན་གཟིགས་ལོང་མ་བྱུང་རུང༌། བླ་མའི་བྱིན་རླབས་ཐུགས་རྒྱུད་ལ་ཞུགས་པ་ལྟ་བུས་ཁམས་སུ་ཕེབས་མ་ཐག་པ་ནས་མནལ་ལམ་དུའང༌། མེ་ཏོག་མང་པོ་ཐག་སྒྲ་དང་བཅས་ཏེ་ཤར་བའི་སྣང་བ་བྱུང་ཞིང༌། གནས་ཚུལ་དེ་བཞིན་ཁུ་བོ་མཁན་ཆེན་རྡོ་རྗེ་འཆང་ཆེན་པོར་སྙན་སྒྲོན་ཕུལ་བ་ན་ཤེས་རབ་རྒྱས་པའི་ལྟས་ཡིན་ནམ་གསུངས་ཤིང༌། དོན་ལའང་སྔ་ན་མེད་པའི་ཐུགས་རབ་ཀྱི་ཀློང་ཆེན་པོ་རྡོལ་བ་དང༌། ཁུ་བོ་མཁན་ཆེན་མཆོག་གིས་ཀྱང༌། ཁྱེད་དེ་སྔ་བོད་དུ་ཆོས་སྐད་ཆགས་པ་ཅིའང་བྱུང་མི་འདུག་པས་ད་ལན་འདིར་སླེབས་པ་ལེགས་གསུངས་ཤིང་ཐུགས་དགྱེས་ཚོར་མཛད་པ་དང༌། ངེད་ཆུང་ངུའི་དུས་ཇི་ལྟར་བྱེད་པ་བཞིན། ཁྱེད་ཀྱིས་ཀྱང་དེ་ལྟར་བྱེད་འདུག་གསུངས་ཤིང་སྐུའི་མཛད་སྤྱོད་མཐུན་པ་དང༌། སྐུ་ཤིན་ཏུ་བཙུན་པ་སོགས་ཀྱིས་ཐུགས་ཀྱི་སྲས་དམ་པར་གྱུར་ཅིང་ཤིན་ཏུ་ཐུགས་རྩིས་སུ་མཛད་པ་ཡིན་ནོ། །ཧོར་ཟླ་བཞི་པའི་ནང་ཁུ་དབོན་གཉིས་ཆར་གྱིས་ཀྱེ་རྡོ་རྗེའི་སྒྲུབ་མཆོད་ཞག་བདུན་ཙམ་གསུངས་ཤིང༌། དེ་