R202: རྣལ་འབྱོར་འཇམ་དཔལ་བཟང་པོ་རྣམ་ཐར།

  • Pagination (Witness A): ༣༩༣
[A:༣༩༣]རྗེས་ཧོར་ཟླ་དྲུག་པའི་ནང་རྨ་རོང་ཆུ་ཚན་དུ་ཁུ་དབོན་གཉིས་ཀ་ཕེབས་ཏེ་ཞག་བདུན་ཙམ་བཞུགས་པ་དང༌། དེ་ནས་ཁུ་བོ་མཁན་ཆེན་སྡེ་དགེ་དབྱར་གཟིགས་སུ་ཕེབས་པའི་སྐུའི་རྐྱེན་སེལ་སྒྲུབ་པར་ཕེབས་ཤིང༌། རྗེ་འདི་ལ་ཁྱོད་ཀྱིས་སྒྲ་རིག་པ་འདི་རབ་མཐར་ཕྱིན་པ་ཞིག་དང༌། དེ་ལྟར་མ་བྱུང་ནའང་བག་ཆགས་ཞིག་ངེས་པར་ཞོག་ཅིག་ཅེས་བཀའ་སྩལ་བ་ལྟར་ལྷུན་གྲུབ་སྟེང་དུ་ཕེབས་ཏེ། ལྔ་རིག་སྨྲ་བ་ཞུ་སློབ་ཀུན་དགའ་དོན་གྲུབ་པའི་དྲུང་ནས་གཞོན་ནུ་ཀཱརྟི་ཀས་དབང་ཕྱུག་གོ་ཆ་ལ་སྩལ་བའི་སྒྲའི་བསྟན་བཅོས་ཀ་ལཱ་པ་དང༌། དེའི་འགྲེལ་པ་ས་བཟང་པཎྜི་ཏ་བློ་གྲོས་རྒྱལ་མཚན་གྱིས་མཛད་པ་དང༌། མཚམས་སྦྱོར་དང་མིང་ལེའི་ལག་ལེན་ཞེ་དྲུང་པདྨ་རྣམ་དག་གིས་མཛད་པ་སོགས་ཀྱི་སྟེང་ནས་མཚམས་སྦྱོར་ལྔ་དང༌། མིང་ལེ་དྲུག་དང༌། ཀུན་བཤད་བརྒྱད་དང༌། ཀྲྀཏ་རྐང་དྲུག་སྟེ་ལེའུ་ཉེར་ལྔའི་རི་མོ་ཡོངས་སུ་རྫོགས་པ་བསླབ་སྦྱངས་མཐར་ཕྱིན་པར་མཛད་པ་དང༌། གཞན་ཡང་མཁས་པའི་དབང་པོ་དེ་ཉིད་ཀྱི་དྲུང་ནས་རྗེ་བཙུན་ས་སྐྱ་པ་དང་དགེ་བའི་བཤེས་གཉེན་བཀའ་གདམས་པ་རྣམས་ལས་བརྒྱུད་པ་གཙོ་བོར་གྱུར་པའི་ཟབ་ཆོས་འགའ་ཞིག་ཕྱོགས་གཅིག་ཏུ་བསྒྲིགས་པ་མན་ངག་བེ་བུམ་མམ་གསེར་པོད་དུ་གྲགས་པའི་ལུང་གསན་པའི་སྐོར་ལ། ཐོག་མར་བྱ་རྒྱུད་དེ་བཞིན་གཤེགས་པའི་རིགས་ཀྱི་གཙོ་བོ་ཀླུ་དབང་རྒྱལ་པོའི་སྒྲུབ་ཐབས་ཀླུ་སྒྲུབ་ཀྱིས་མཛད་པ་ལོ་ཆེན་རིན་བཟང་གི་འགྱུར། དེའི་སྒྲུབ་ཐབས་བཅོམ་ལྡན་རལ་གྲིས་མཛད་པ། བསྟོད་པ་རོང་སྟོན་གྱིས་མཛད་པ། རྗེས་གནང་གི་ཐོ་ཡིག་མཛད་བྱང་མི་གསལ་བ་རྣམས་དང༌། དེ་བཞིན་གཤེགས་པའིརིགས་ཀྱི་བདག་པོ་མ་ཏིའི་ལུགས་ཀྱི་འཇམ་དཔལ་དཀར་པོ་དཔའ་བོ་གཅིག་གྲུབ་ཀྱི་སྐོར་ལ་སྒྲུབ་ཐབས་པཎྜི་ཏ་མ་ཏིའམ་གསང་མཚན་སྒེག་པའི་རྡོ་རྗེར་གྲགས་པས་