[A:༤༡༠]པའི་དཀར་ཕྱོགས་ཀྱི་གྲལ་ཚེས་བཅོ་ལྔའི་ཉིན་བོད་གངས་ཅན་གྱི་ལྟེ་བ་ལུགས་གཉིས་ཀྱི་དཔལ་འབྱོར་ཟད་མི་ཤེས་པ་འབྱུང་བའི་གནས་ལྷ་ལྡན་དུ་ཕེབས། དེ་སྐབས་རྒྱལ་དབང་ཐམས་ཅད་མཁྱེན་པ་ཚུལ་ཁྲིམས་རྒྱ་མཚོ་ལི་ཐང་དུ་སྐུ་འཁྲུངས་ཟིན་ནའང༌། ཡར་གདན་འདྲེན་ཞུ་མ་ཚར་བར་བརྟེན། རྒྱལ་བའི་བཞུགས་ཁྲི་རིན་པོ་ཆེའི་མདུན་དུ། མཎྜལ་སྐུ་གསུང་ཐུགས་རྟེན། བཟང་ཇ་འཁོར་དྲུག་ལྔ་བཅུ། རྒྱ་དངུལ་འདེགས་སྲང་ལྔ་བཅུ། བོད་དངུལ་ཊམ་སྲང་ལྔ་བཅུ། རྟ་དྲེལ་དྲུག །མཛོ་གཡག་བཅུ། གཞན་ཡང་དར། རས། ལིང༌། གོས་ཆེན། སྤུ་ཤུན་གྱི་རིགས་ཤིན་ཏུ་མང་པོ་དང༌། མཆོད་ཆ་དང་ཐབ་ཆའི་སྐོར་སྣ་ཚོགས་པ་དང་བཅས་ཕུལ་བ་དང༌། སྟོབས་ཀྱི་འཁོར་ལོས་སྒྱུར་བ་རྒྱལ་ཚབ་ཆེན་པོ་ཚེ་སྨོན་གླིང་པར་ཡང་མཎྜལ་སྐུ་གསུང་ཐུགས་རྟེན་དང་གསོལ་ཇ་བཞེས་འབྲས་ཀྱི་དོད་དངུལ་ཊམ་སྲང་བརྒྱད་དང༌། བཟང་ཇ་འཁོར་དྲུག་ཉེར་ལྔ། བོད་དངུལ་ཊམ་སྲང་ལྔ་བཅུ། རྟ་དྲེལ་གསུམ། མཛོ་གཡག་ལྔ། དར། རས། ལིང༌། གོས་ཆེན། སྤུ་ཤུན་ལ་སོགས་པའི་ཚན་གྲངས་མང་པོ་དང༌། མཆོད་ཆ་དང༌། ཐབ་ཆའི་རིགས་སྣ་ཚོགས་པ་དང་བཅས་འབུལ་ལམ་ཞུས་པར། ཕྱིར་སློག་ཏུ་ན་བཟའ་སྐུ་ཆས་ཀྱི་རིགས་དང༌། ལམ་ཡིག །དོས་རྟ། རྩ་ཤིང་སོགས་ཕོན་ཆེ་བ་དང༌། ཇ་ཁྲལ་རྩ་ཆག་བཅས་བཀའ་དྲིན་སྩལ་བ་དང༌། བསྟན་རྒྱས་གླིང་དང༌། ཀུན་བདེ་གླིང༌། ཚེ་ཆོག་གླིང༌། དགའ་ལྡན་ཁྲི་ཆེན་རིན་པོ་ཆེ་གསར་རྙིང་རྣམས་སུའང་སོ་སོར་ལྗོན་འདབ་འཁོར་དྲུག་ལྔ་དང༌། རྟ་རེའི་གཙོས་པའི་ཚན་གྲངས་གང་མང་དང༌། གཞན་ཡང་བཀའ་ཤག་དང༌། རྩེ་ཤོད་ཀྱི་གསོལ་གཟིམ་མགྲོན་གཉེར་ལ་སོགས་པར་ཇ་གསར་སྐབས་སུ་གང་བབ་རེ་དང༌། ཁྱད་པར་ལྷ་དང་བཅས་པའི་འཇིག་རྟེན་ཀུན་གྱི་མཆོད་སྡོང་བླ་ན་མེད་པ་སྟོན་མཆོག་ཉི་མའི་གཉེན་གྱི་སྐུ་བརྙན་རྣམ་པ་གཉིས་ཀྱི་གཙོ་བྱས་པའི་རྟེན་གསུམ་ཡོངས་ལ་གསེར་གསོལ་