[A:༤༡༡]དང༌། སྙན་དར་དང༌། ཇོ་ཤཱཀ་རྣམ་གཉིས་ཀྱི་མདུན་དུ་སྟོང་མཆོད་ཤིན་ཏུ་རྒྱས་པ་དང༌། ལྷ་ཁང་གཞན་རྣམས་སུའང་མཆོད་འབུལ་རྒྱས་བསྡུས་ཅི་རིགས་པ་དང༌། རྩེ་རྣམ་རྒྱལ་གྲྭ་ཚང༌། གླིང་ཁག་གསུམ་གྱི་གྲྭ་ཚང༌། ཚེ་ཆོག་གླིང༌། འབྲས་སྤུངས་འདུས་སྤྱི། དེའི་ནང་ཚན་གླིང་ཁང་ཚན། སེ་ར་འདུས་སྤྱི། དེའི་ནང་གསེས་ཏྲེ་བོ་ཁང་ཚན། དགའ་ལྡན། རྒྱུད་སྟོད་སྨད། རྨེ་རུ། བཞི་སྡེ་རྣམས་སུ་མང་ཇས་བསྙེན་བཀུར་བ་དང༌། སྨོན་ལམ་ཆེན་མོའི་སྐབས་ཀྱི་འདུས་ཚོགས་རིན་པོ་ཆེར་མང་ཇ་གཉིས་ཀྱིས་བསྙེན་བཀུར་བའི་དོད་དུ་བཟང་ཇ་འཁོར་དྲུག་བདུན་ཅུ་སྐོར་ལྷ་ས་བླ་བྲང་གི་ཕྱག་མཛོད་པར་འབུལ་ལམ་ཞུས་པ་དང༌། གཞན་ཡང་རྗེ་འདིས་ཇོ་ཁང་ལ་ཞབས་སྐོར་ཤིན་ཏུ་མང་པོ་དང༌། ལྷ་ལྡན་གྱི་ཕྱི་སྐོར་ལྔ་བཅུ་ང་བརྒྱད་བཅས་མཛད་ནས། ཧོར་ཟླ་དགུ་པའི་དམར་ཕྱོགས་ཀྱི་དགའ་བ་གཉིས་པའི་ཉིན་ལྷ་ལྡན་ནས་ཆིབས་བཏེག་སྟེ། ཡར་ལམ་ར་བསྟོད་དང༌། སྙེ་ཐང་དང༌། ལྕགས་ཟམ་ཆུ་བོ་རིའི་དགོན་པ་དང༌། རོང་བྱམས་ཆེན་དང༌། རོང་ངུར་སྨྲིག་བཅས་ཀྱི་རྟེན་གསུམ་རྣམས་མཇལ་ཏེ། མཆོད་འབུལ་དང༌། སོ་སོའི་བླ་མ་རྣམས་སུ་བསྔོ་སྨོན་གྱི་རྟེན་དང༌། དགོན་ཁག་སོ་སོར་མང་ཇས་བསྙེན་བཀུར་བ་རྣམས་མཛད་དེ། ཧོར་ཟླ་བཅུ་པའི་དཀར་ཕྱོགས་ཀྱི་གྲལ་ཚེས་དྲུག་གི་ཉིན་གཞིས་ཀ་རྩེར་ཕེབས། དེར་ཞག་གཉིས་བཞུགས། ཆོས་གྲྭ་ཆེན་པོ་བཀྲ་ཤིས་ལྷུན་པོར་ཕེབས་ཏེ་པཎ་ཆེན་ཐམས་ཅད་མཁྱེན་པ་རྗེ་བཙུན་བློ་བཟང་དཔལ་ལྡན་བསྟན་པའི་ཉི་མའི་མཚན་དཔེའི་དཀྱིལ་འཁོར་མཇལ་བ་དང་ཆབས་ཅིག་འབུལ་བར། མཎྜལ་སྐུ་གསུང་ཐུགས་རྟེན་གསོལ་ཇ་བཞེས་འབྲས་ཀྱི་དོད་དངུལ་ཊམ་སྲང་བརྒྱད་དང༌། བཟང་ཇ་འཁོར་དྲུག་ཉི་ཤུ། བོད་དངུལ་ཊམ་སྲང་ལྔ་བཅུ། རྟ་དྲེལ་བཞི། མཛོ་གཡག་བདུན། དར། རས། ལིང༌། གོས་ཆེན། སྤུ་ཤུན་གྱི་རིགས་མང་པོ་དང༌། མཆོད་ཆ་དང༌། ཐབ་ཆའི་རིགས་