[A:༤༡༢]སྣ་ཚོགས་པ་དང་བཅས་ཕུལ་བ་དང༌། ཞབས་པད་མདུན་དུའང་ལྗོན་འདབ་འཁོར་དྲུག་ལྔ་དང༌། རྟ་གཅིག་བཅས་དང༌། གཞན་ཡང་རྩེའི་གསོལ་གཟིམ་མགྲོན་གཉེར་ཕྱག་མཛོད་སོགས་ལའང་འདྲིས་ཟབ་ཆེ་ཆུང་དང་བསྟུན་པའི་ཇ་སར་སྐབས་སུ་གང་བབ་རེ་སྩལ་བ་དང༌། ཁྱད་པར་དགོན་དེའི་རྟེན་གསུམ་ཡོངས་ལ་མཆོད་འབུལ་དང༌། འདུས་ཚོགས་སྤྱིར་མང་ཇས་བསྙེན་བཀུར་བ་དང༌། དེའི་ནང་གསེས་རྒྱ་ཁང་ཚན་པར་མང་ཇ་དང་ཇ་གསར་སོགས་ཟབ་པར་མཛད་དེ། ཚེས་བརྒྱད་ཀྱི་ཉིན་ཨེ་ཝྃ་པའི་བླ་ཁག་ཁང་ཚན་རྣམས་ཀྱིས་ཕེབས་བསུའི་ཚོགས་རྒྱ་ཆེ་བ་དང་བཅས་ཏེ། དཔལ་ལྡན་སྟོབས་བཅུ་མངའ་བའི་ལུང་རྟོགས་ཀྱི་བསྟན་པའི་ཆུ་ཀླུང་མཐའ་དག་ཕྱོགས་གཅིག་ཏུ་འཁྱིལ་ཞིང༌། སླར་ཡང་བཤད་པ་དང་སྒྲུབ་པའི་ཕྲིན་ལས་ཀྱི་རྒྱུན་ཆེན་པོ་ཕྱོགས་ཀྱི་ཁོར་ཡུག་ཀུན་ཏུ་འབེབས་པར་བྱེད་པའི་གནས་ཡོན་ཏན་རིན་པོ་ཆེ་དུ་མའི་འབྱུང་གནས་ཤྲཱི་ཨེ་ཝྃ་ཆོས་ལྡན་དུ་བདེ་བར་ཕེབས། དེ་ནས་ཀྱང་ཐོག་མར་གཟའ་སྐར་ཕུན་སུམ་ཚོགས་པའི་ཉིན་ཨེ་ཝྃ་བླ་བྲང་གཞུང་དུ། རིགས་དང་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་མཁན་ཆེན་ཁྲི་ཐོག་པ་གཅེན་བྱམས་པ་ཀུན་དགའ་བསྟན་འཛིན་གྱི་དྲུང་དུ། མཎྜལ་སྐུ་གསུང་ཐུགས་རྟེན། བཟང་ཇ་འཁོར་དྲུག་བཞི་བཅུ་དང༌། རྒྱ་དངུལ་འདེགས་སྲང་ལྔ་བཅུ། རྟ་དྲེལ་སྤུས་ལྡན་དྲུག །ཕོ་མཛོ་སྤུས་ལྡན་གསུམ། དར་རས་ལིང་གོས་ཆེན་སྤུ་ཤུན་གྱི་རིགས་མང་པོ། མཆོད་ཆ། དངོས་ཆས་ཀྱི་རིགས་སྣ་ཚོགས་པ་དང་བཅས་ཕུལ་བ་དང༌། བླ་བྲང་ཕུན་ཚོགས་ཁང་གསར་དུ། མཁས་དང་གྲུབ་པའི་གཙུག་རྒྱན་ངག་དབང་བློ་གྲོས་བཟང་པོ་དང༌། དེའི་དབོན་ངག་དབང་བློ་གྲོས་བསྟན་འཛིན་ལྷན་རྒྱས་པའི་མདུན་དང༌། ཀླུ་ལྡིངས་བླ་བྲང་དུ་ཞབས་དྲུང་རིན་པོ་ཆེ་དཔལ་ལྡན་ཕུན་ཚོགས་པ་དང༌། ཕན་བདེ་ཁང་གསར་དུ་ཞབས་དྲུང་རིན་པོ་ཆེ་ངག་དབང་བསྟན་པ་རིན་ཆེན་པ་སྟེ་སོ་སོའི་