R202: རྣལ་འབྱོར་འཇམ་དཔལ་བཟང་པོ་རྣམ་ཐར།

  • Pagination (Witness A): ༤༡༣
[A:༤༡༣]མདུན་དུའང༌། སྐུ་གསུང་ཐུགས་ཀྱི་རྟེན་དང༌། བཟང་ཇ་འཁོར་དྲུག་བཅོ་ལྔ་རེ། རྒྱ་དངུལ་འདེགས་སྲང་ལྔ་བཅུ་རེ། རྟ་དྲེལ་བཞི་རེ། མཛོ་གཡག་སྤུས་ལྡན་གསུམ་རེ། གཞན་ཡང་དར་རས་ལིང་གོས་ཆེན་སྤུ་ཤུན་གྱི་རིགས་མང་པོ་དང༌། མཆོད་ཆ་དང༌། དངོས་ཆས་ཀྱི་རིགས་སྣ་ཚོགས་པ་དང་བཅས་ཕུལ་བ་དང༌། ཐར་རྩེ་རང་དུའང་རྣམ་དཀར་མཆོད་ཐེབས་ཀྱི་རྟེན་དུ་འབུལ་བ་ཤིན་ཏུ་སྟོབས་ཆེ་བ་དང༌། གཟིམ་ཁང་འོག་མཁན་རིན་པོ་ཆེ་བྱམས་པ་བསོད་ནམས་དཔལ་འབྱོར་པ་དང༌། དཔོན་སློབ་རིན་པོ་ཆེ་དཔལ་ལྡན་ཆོས་ཀྱི་རྒྱལ་མཚན་པ་བཅས་སུའང་འབུལ་བ་གང་ཟབ་དང༌། ཨེ་ཝྃ་པའི་ལྷ་ཁང་ཁག་ཐམས་ཅད་དུའང་མཆོད་འབུལ་ཤིན་ཏུ་རྒྱ་ཆེ་བ་དང༌། ཁྱད་པར་གཙུག་ལག་ཁང་དུ་ཉིན་རེ་བཞིན་བརྒྱ་མཆོད་རེ་དང་བཅས་ཏེ། དགེ་སློང་ཕྱེད་བདུན་བརྒྱ་སྐོར་བཞུགས་པ་ཐམས་ཅད་ཚོགས་ཏེ་བླ་མ་མཆོད་པ་དང༌། ཀུན་རིག་དང༌། ཚེ་ཆོག་སོགས་ཉིན་གྲངས་ཉི་ཤུ་རྩ་བདུན་གྱི་བར་དུ་འཛུགས་པར་མཛད་དེ། དེའང་ཐོག་མར་ཉིན་བཅུ་གསུམ་ལ་ཉིན་རེ་བཞིན་གྲྭ་པ་ཉི་ཤུ་རེ་ལ་ཕྱག་འགྱེད་བཟང་ཇ་སྦག་རེ་ཕུལ་བ་དང༌། དེ་འཕྲོས་ཉིན་བཅུ་བཞི་ལ་ཉིན་རེ་བཞིན་གྲྭ་པ་རེ་ལ་ཕྱག་འགྱེད་དངུལ་ཊམ་ཕྱེད་རེ་དང༌། དངུལ་ཞོ་རེ་སྤེལ་མར་སྩལ་བ་དང༌། གཙུག་ལག་ཁང་དུ་གོས་ཆེན་བཟང་བསྒྲིགས་ཀྱི་ཕྱེ་ཕུར་ཆ་དང༌། རྒྱ་མཐོངས་ཁོར་ཡུག་ཏུ་གོས་ཆེན་བཟང་བསྒྲིགས་ཀྱི་ཕུར་མ་དང༌། གོས་ཡུག་གི་འཕན་བཅས་གསར་སྦྱོར་མཛད་པ་དང༌། ཁང་ཚན་བཅུ་གཅིག་པོ་ཐམས་ཅད་ལའང་སོ་སོར་ཐོབ་ཁུངས་དང༌། ཁང་ཚན་ཆེ་ཆུང་ལ་དཔགས་པའི་ཇ་སར་དང༌། ཁྱད་པར་རང་རང་གི་སྐོང་བརྒྱ་ཚོགས་པའི་སྐབས་འཕར་ཇའི་བསྙེན་བཀུར་དང་འབྲེལ་བར་གཏན་གཞག་ཟབ་པ་རེ་སྩལ་བ་དང༌། དགོན་པའི་ཆོས་ཁྲིམས་དང༌། བླ་ཁག་སོ་སོའི་ཕྱག་གཉེར་ལས་ཚན་གྱི་རིགས་དང༌། ཐར་རྩེ་