[A:༤༡༤]རང་གི་ལས་ཚན་དང༌། གྲྭ་ཚང་དང༌། ལྟོ་ཟན་གྱི་རིགས་དང༌། ངོར་པའི་ཆོས་གཞིས་མི་སེར་སོགས་ལའང་ཇ་གསར་དང་གནང་སྦྱིན་སྐབས་སུ་གང་བབ་རེ་སྩལ་བ་དང༌། གཞན་ཡང་རྒྱལ་རྩེ་དཔལ་འཁོར་ཆོས་སྡེར་མང་ཇས་བསྙེན་བཀུར་བ་དང༌། དེའི་ནང་གསེས་གུར་པ་གྲྭ་ཚང་པར་མང་འགྱེད་དང༌། ཞྭ་ལུ་དང༌། སྣར་ཐང་དང༌། སྲད་རྒྱུད་པ་དང༌། སྲད་དགོན་ཁྲ་སོགས་ཉེ་སྐོར་གྱི་དགོན་ཁག་རྣམས་སུ་མང་ཇས་བསྙེན་བཀུར་བ་བཅས་མཛད་ནས། ཧོར་ཟླ་བཅུ་གཅིག་པའི་དམར་ཕྱོགས་ཀྱི་དགའ་བ་གཉིས་པའི་ཉིན་ཨེ་ཝྃ་ནས་ཆིབས་ཀྱི་གདོང་བསྒྱུར་ཏེ། འཕགས་པ་རིགས་གསུམ་མགོན་པོའི་རྣམ་འཕྲུལ་རྒྱུན་ཆད་མེད་པར་འཁྲུངས་པའི་ཡུལ། མཁས་པ་དང་གྲུབ་པ་བསམ་གྱིས་མི་ཁྱབ་པ་འབྱུང་བའི་གནས་གདན་ས་ཆེན་པོ་དཔལ་ལྡན་ས་སྐྱར་ཕེབས། གངས་ལྗོངས་བསྟན་པའི་མངའ་བདག་རྗེ་བཙུན་གོང་མ་ཡབ་སྲས་རྣམས་ཀྱི་གསེར་ཞལ་རིན་པོ་ཆེ་མཇལ་བ་དང་ལྷན་ཅིག་ས་སྐྱ་གཞུང་གི་འབུལ་བར་མཎྜལ་སྐུ་གསུང་ཐུགས་རྟེན། བཟང་ཇ་འཁོར་དྲུག་ལྔ་བཅུ། རྒྱ་དངུལ་འདེགས་སྲང་བརྒྱ་ཐམ་པ། རྟ་དྲེལ་བདུན། གཞན་ཡང་དངུལ་ལས་གྲུབ་པའི་མཆོད་ཆའི་རིགས་དང༌། དངོས་ཆས་ཀྱི་རིགས་སྣ་ཚོགས་པ། དར་རས་ལིང་གོས་ཆེན་སྤུ་ཤུན་གྱི་རིགས་མང་པོ་དང་བཅས་ཕུལ་བ་དང༌། ཁྲི་ཆེན་གྲུབ་པའི་དབང་ཕྱུག་ངག་དབང་ཀུན་དགའ་བཀྲ་ཤིས་མཐུ་སྟོབས་བསྟན་འཛིན་བཟང་པོ་སྐུ་སྒེར་གྱི་འབུལ་བར་སྐུ་གསུང་ཐུགས་ཀྱི་རྟེན་དང༌། བཟང་ཇ་འཁོར་དྲུག་ལྔ། དྲེའུ་ཨ་མདོ་གཅིག །དངོས་ཆས་ཀྱི་རིགས་སྣ་ཚོགས་པ་དང༌། རྗེ་བཙུན་མ་འཆི་མེད་བསྟན་པའི་ཉི་མའི་དྲུང་སྐུ་སྒེར་གྱི་འབུལ་བར་སྐུ་གསུང་ཐུགས་ཀྱི་རྟེན་དང༌། བཟང་ཇ་འཁོར་དྲུག་བཅུ། རྟ་གཅིག་གི་གཙོས་པའི་ཚན་གྲངས་ཁ་ཤས། འཇམ་མགོན་ཀུན་