[A:༤༡༧]ཀྱང༌། མང་ཇ་དང་གྲལ་འགྱེད་ལ་སོགས་པའི་བསྙེན་བཀུར་ཕུན་སུམ་ཚོགས་པར་སྩལ་བ་དང༌། ལོ་དེའི་ཧོར་ཟླ་བཅུ་གཉིས་པའི་ནང་གནས་སྐོར་དུ་ཨེ་ཝྃ་ནས་ཆིབས་ཀྱི་གདོང་བསྒྱུར། མར་ལམ་རོང་ཆེན་བརྒྱུད་དེ་ལྷ་ལྡན་དུ་ཕེབས། དེར་ཞག་ཉི་ཤུ་སྐོར་བཞུགས། ཕྱོགས་དེའི་རྟེན་གསུམ་བྱིན་རླབས་ཀྱི་གཟི་འོད་འབར་བ་ཞིབ་མཇལ་ཐོག་གསེར་གསོལ་དང༌། མཆོད་འབུལ་དང༌། ཕྱག་དང་སྐོར་བ་མང་དུ་མཛད་དེ་རིམ་གྱིས་ཆིབས་བཏེག །ཡེར་པ་དང༌། དགའ་ལྡན་དང༌། བསམ་ཡས་སྐོར་དང༌། གདན་ས་མཐིལ་དང༌། ཟངས་རི་མཁར་དམར་དང༌། རྩེ་ཐང་དང༌། ཡར་ཀླུང་བཀྲ་ཤིས་ཆོས་སྡེ་དང༌། ཤེལ་བྲག་སོགས་དང༌། ཙནྡན་གཡུའི་ལྷ་ཁང་དང༌། རས་ཆུང་ཕུག་དང༌། ཁྲ་འབྲུག་དང༌། གུང་ཐང་འབུམ་པ་ལ་སོགས་པ་དང༌། དེ་ནས་འཕྱོང་རྒྱས་རི་བོ་བདེ་ཆེན་སོགས་བརྒྱུད། ཡར་འབྲོག་མཚོ་སྐོར་མཛད་དེ་དེ་སྐོར་གྱི་དགོན་སྡེ་རྣམས་ཀྱང་མཇལ། རིམ་གྱིས་རྒྱལ་རྩེ་དང་ཞྭ་ལུ་བརྒྱུད་དེ། དགུང་གྲངས་སོ་བཞི་པ་ཆུ་རྟ་ལོའི་ཧོར་ཟླ་གཉིས་པའི་དཀར་ཕྱོགས་ཀྱི་དགའ་བ་དང་པོའི་ཉིན་ཨེ་ཝྃ་དུ་ཕེབས་པ་ཡིན་ནོ། །དེ་ལྟ་བུའི་གནས་དེ་རྣམས་སུའང་གསེར་གསོལ་དང༌། མཆོད་འབུལ་དང༌། ཕྱག་དང་སྐོར་བ་སོགས་ཟབ་པར་མཛད་དེ་བསོད་ནམས་ཀྱི་ཆུ་གཏེར་དབྱར་མཚོ་བཞིན་དུ་འཕེལ་བར་མཛད་དོ། །མཁན་ཆེན་རྡོ་རྗེ་འཆང་ཆེན་པོ་གཅེན་བྱམས་པ་ཀུན་དགའ་བསྟན་འཛིན་པས་ཀྱང་ལོ་སྔ་མ་ལྕགས་སྦྲུལ་ལོར་ཨེ་ཝྃ་པའི་མཁན་ས་བླ་བྲང་ཕུན་ཚོགས་ཁང་གསར་པར་རྩིས་ཕུལ་ཏེ། འདི་ལོ་ཧོར་ཟླ་བཞི་པའི་ནང་མདོ་ཁམས་སུ་ཆིབས་ཀྱི་ཁ་ལོ་བསྒྱུར། རྗེ་འདི་དེ་ནས་བརྩམས་ཏེ། དགུང་གྲངས་ཞེ་བདུན་པ་ཤིང་མོ་ལུག་གི་ལོའི་བར་དུ་སྐུའི་འཕྲོད་བཞེས་ཀྱི་ཆུ་ཚན་ཁག་རྣམས་སུ་ཚར་ཁ་ཤས་ཕེབས་པ་མ་གཏོགས་ཨེ་ཝྃ་རང་དུ་བཞུགས། ཀུན་རིག་གི་བསྙེན་པ་ཟླ་བ་གསུམ་དང༌། བྲག་རྫོང་མའི་སྐུ་