[A:༤༡༨]མཚམས་ཟླ་བ་བཞི་ཙམ་དང༌། མཁའ་སྤྱོད་མའི་སྐུ་མཚམས་ཟླ་བ་བཞི་ཙམ་དང༌། འཇམ་དབྱངས་དཀར་པོའི་སྐུ་མཚམས་ཟླ་བ་བཞི་ཙམ་དང༌། ཚེ་སྒྲུབ་ཟླ་ཤས་བཅས་བཞུགས་པ་དང༌། དེར་མ་ཟད་དུས་རྒྱུན་དུའང་སྐུ་མཚམས་ཀྱི་མིང་དམིགས་བསལ་མ་བཏགས་རུང༌། མཚམས་པར་རློམ་པ་མང་པོས་ཀྱང་འགྲན་དུ་མེད་པའི་ཐུགས་དམ་ཁོ་ན་ལ་རྩེ་གཅིག་ཏུ་གཞོལ་བ་དང༌། རྒྱུད་ནས་བཤད་པ་ལྟར་གྱི་བདུད་རྩི་རིལ་བུའི་སྨན་རྣམས་འཛོམ་པ་དང་བསྟུན་ལོ་གཉིས་གསུམ་རེའི་མཚམས་ནས་བདུད་རྩི་རིལ་བུ་ཆིག་སྒྲུབ་རེ་ཆག་མེད་ལྟ་བུར་མཛད་པ་དང༌། སྐབས་སྐབས་སུ་བླ་མ་མཆོད་པ་དང༌། ཡི་དམ་གྱི་ལྷ་འགའ་ཞིག་གི་སྒྲུབ་མཆོད་དང༌། ཆོས་སྲུང་རྣམས་ལ་སྐོང་གསོ་སོགས་ཉིན་གྲངས་ཁ་ཤས་རེ་གསུང་བ་དང༌། དགུང་གྲངས་ཞེ་བཞིར་སོན་པ་ཆུ་འབྲུག་གི་ལོར། མཁན་ཆེན་རྡོ་རྗཻ་འཆང་བྱམས་པ་ཀུན་དགའ་བསྟན་འཛིན་དང༌། སྡེ་དགེ་ཆོས་རྒྱལ་ཆེན་པོ་བྱམས་པ་ཀུན་དགའ་སངས་རྒྱས་བསྟན་པའི་རྒྱལ་མཚན་སྟོན་འཁོར་རྣམས་མདོ་ཁམས་ནས་ཨེ་ཝྃ་དུ་ཕེབས། མཁན་ཆེན་རྡོ་རྗེ་འཆང་གཅེན་བྱམས་པ་ཀུན་དགའ་བསྟན་འཛིན་གྱི་དྲུང་ནས་དཔལ་ཀྱེ་རྡོ་རྗེའི་རྒྱུད་ལམ་གྱི་དབང་དང༌། ནཱ་རོ་མཁའ་སྤྱོད་ཀྱི་བྱིན་རླབས་སྔོན་དུ་འགྲོ་བའི་སྒོ་ནས་དེའི་སྔོན་འགྲོ་ཐུན་མོང་དང་ཐུན་མོང་མ་ཡིན་པ་དང༌། བསྐྱེད་རིམ་རྣལ་འབྱོར་བཅུ་གཅིག །རྫོགས་རིམ་རྩ་དབུ་མ། བདེ་བ་དང་འཇའ་ལུས་སྒྲུབ་པ། མཁའ་སྤྱོད་ཡབ་ཡུམ་གྱི་འཕོ་ བ། ནང་གི་མཁའ་སྤྱོད་སྒྲུབ་པ་སོགས་ནཱ་རོ་མཁའ་སྤྱོད་མའི་ཉམས་ཁྲིད་ཡོངས་སུ་རྫོགས་པ་དང༌། ཆོས་ཉིད་དངོས་སུ་སྟོན་པའི་བྱིན་རླབས་བཅས་གསན་པ་དང༌། སྡེ་དགེ་ཆོས་རྒྱལ་ཆེན་པོའི་དྲུང་ནས་ཀྱང་ཞལ་རྣམ་འགྱུར་བཅུ་བདུན་གྱི་རྗེས་སུ་གནང་བ་རྣམས་གསན་པར་མཛད་དོ། །གཞན་ཡང་དེ་སྐབས་ཀྱི་ལོ་སྔ་ཕྱི་ཀུན་ཏུ་གདུལ་བྱ་སོ་སོའི་མོས་པ་དང་བསྟུན་