R202: རྣལ་འབྱོར་འཇམ་དཔལ་བཟང་པོ་རྣམ་ཐར།

  • Pagination (Witness A): ༤༡༦
[A:༤༡༦]རྟེན་སོགས་ལའང་རྒྱུད་ནས་བཤད་པ་ལྟར་དང༌། བླ་མ་གོང་མའི་ཕྱག་ལེན་དང་མཐུན་པར་གཟུངས་གཞུག་རྣམས་ཚད་དང་ལྡན་པར་ཕུལ་ཏེ། དགུང་གྲངས་སོ་གསུམ་པ་ཁྱུ་མཆོག་གི་ལོའི་ཆོ་འཕྲུལ་ཟླ་བའི་དཀར་ཕྱོགས་ཀྱི་ནང༌། མཁན་ཆེན་རྡོ་རྗེ་འཆང་ཆེན་པོ་གཅེན་བྱམས་པ་ཀུན་དགའ་བསྟན་འཛིན་པས་རྡོ་རྗེ་སློབ་དཔོན་མཛད་དེ་རྗེ་འདི་དང༌། དགེ་སློང་མང་པོས་དཔལ་ཀྱེ་རྡོ་རྗེ་ལ་བརྟེན་པའི་རབ་གནས་རྒྱས་པར་མཛད་པ་དང༌། ཟླ་བ་དེའི་ཚེས་ཉི་ཤུའི་ཉིན་ལམ་འབྲས་ལྷ་ཁང་དུ་བརྒྱ་མཆོད་རྣམ་ལྔ་དང་བཅས་ཏེ་དགེ་སློང་བཟང་གྲས་ཕལ་ཆེ་བ་ཚོགས་ཏེ་བསྙེན་བཀུར་ཕུན་སུམ་ཚོགས་པའི་སྒོ་ནས་བླ་མ་མཆོད་པ་གསུང་བ་དང་ལྷན་ཅིག་འདྲ་སྐུ་རིན་པོ་ཆེའང་ལམ་འབྲས་ལྷ་ཁང་དུ་བཞུགས་སུ་གསོལ་ཞིང༌། དེའང་གོས་ཆེན་ལས་གྲུབ་པའི་བཞུགས་འབོལ་དང༌། གོས་ཆེན་གྱི་སྣམ་སྦྱར་དང༌། གོས་ཆེན་གྱི་སྐུ་བེར་དང་བཅས་པ་དང༌། སྐུ་མདུན་དུའང་རྡོ་དྲིལ་གསེར་མགོ་མ་སྤུས་ལེགས་དང༌། དངུལ་སྲང་སོ་བདུན་ལས་གྲུབ་པའི་བུམ་པ་ཆ་གཅིག་ཁ་རྒྱན་བུམ་གོས་དང་བཅས་པ་དང༌། དངུལ་སྲང་བརྒྱད་དང་ཞོ་གསུམ་ལས་གྲུབ་པའི་འབྲུ་སྤར་དང༌། དངུལ་སྲང་བཅུ་གཉིས་དང་ཞོ་ལྔ་ལས་གྲུབ་པའི་སྤྱི་བླུགས་དང༌། ཏིང་ཤགས་སྤུས་ལེགས་དངུལ་ཐག་དང་བཅས་པ་དང༌། དངུལ་ལས་གྲུབ་པའི་ནང་མཆོད་ཐོད་པ་དང༌། ཞལ་དཀར་ཡུ་རིང་དང༌། དེའི་སྟེགས་དངུལ་སྲང་བཅོ་ལྔ་ལས་གྲུབ་པ་དང༌། དངུལ་སྲང་བདུན་དང་ཞོ་བརྒྱད་ལས་གྲུབ་པའི་ཕུད་ཀོང་དང༌། ཌ་མ་རུ་དངུལ་གྱི་ཤན་ཅན་དང༌། དངུལ་སྲང་བརྒྱད་དང་ཞོ་གསུམ་ལས་གྲུབ་པའི་དངུལ་ཏིང་བདུན་ཚར་དང༌། དངུལ་སྲང་ཉེར་དྲུག་དང་ཞོ་བརྒྱད་ལས་གྲུབ་པའི་གཏོར་ཐེབ་ལྔ་ཚར་འགུ་ཚེ་དང་བཅས་པ་དང༌། དངུལ་སྲང་བཅུ་གསུམ་དང་ཞོ་ལྔ་ལས་གྲུབ་པའི་བཟེད་ཞལ་རྣམས་སྦྱོར་འཇགས་མཛད་པ་དང༌། ཧོར་ཟླ་བཞི་པའི་ནང་ངོར་ལུགས་དཀྱིལ་འཁོར་ལྔའི་སྒྲུབ་མཆོད་ཆེན་མོ་ཚོགས་པའི་སྐབས་