R202: རྣལ་འབྱོར་འཇམ་དཔལ་བཟང་པོ་རྣམ་ཐར།

  • Pagination (Witness A): ༤༡༩
[A:༤༡༩]ཏེ་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་བདུད་རྩིའང་ཅི་རིགས་པར་སྩལ་བའི་སྒོ་ནས་འགྲོ་བ་རྣམས་རྣམ་པར་གྲོལ་བའི་ལམ་ལ་བཀོད་པ་དང༌། ལོ་རེ་གཉིས་ཙམ་མ་གཏོགས་ཕལ་ཆེ་བར་ཆོ་འཕྲུལ་ཟླ་བའི་ཚེས་ཉི་ཤུའི་ཉིན། ཨེ་ཝྃ་པའི་གཙུག་ལག་ཁང་དུ་དགེ་འདུན་འདུས་པ་རྒྱ་མཚོར་མང་ཇ་དང་གྲལ་འགྱེད་ལ་སོགས་པའི་བསྙེན་བཀུར་ཕུན་སུམ་ཚོགས་པའི་སྒོ་ནས་བླ་མ་མཆོད་པ་གསུང་བ་སོགས་མདོར་ན་རྣམ་དཀར་གྱི་ཕྲིན་ལས་ཁོ་ནས་དུས་འདའ་བར་མཛད་དོ། །སྐྱེ་འཇིག་སྤྲོས་པ་ཀུན་བཅད་པའི། །རྒྱལ་རྣམས་འགྲོ་བ་སྒྲོལ་བའི་སླད། །སྣ་ཚོགས་སྤྲོ་དང་བསྡུ་བ་ཡི། །རྣམ་འཕྲུལ་སྒྱུ་མའི་རོལ་རྩེད་བཞིན། །དེ་སླད་ནམ་མཁའི་མཚན་ཅན་གྱི། །མཚན་དཔེའི་རི་བོང་འཛིན་པ་ཡང༌། །འགྲོ་འདི་སྐལ་བ་དམན་པ་ཡིས། །བསྙུན་ཚུལ་སྤྲིན་གྱིས་བསྒྲིབས་པར་གྱུར། །ཁྱད་པར་རྟག་པར་འཛིན་པའི་བློས། འདིར་སྣང་ལ་ཆགས་ཡིད་ཅན་ཀུན། །སྒྲོལ་ཕྱིར་གཟུགས་སྐུའི་བཀོད་པ་ཡང༌། །དབྱིངས་སུ་བསྟིམ་ལ་ཆས་པ་ན། །དུས་གསུམ་གཟིགས་པའི་ཡེ་ཤེས་ཀྱི། །སྟོན་ཀའི་ཟླ་ཤེལ་དག་པ་ལས། །འབྱུང་འགྱུར་སྟོན་པའི་བདུད་རྩིའི་ཟེར། །འགྲོ་འདིའི་བློ་མུན་སེལ་ཕྱིར་སྤྲོས། །སྲིད་ན་རྙེད་པར་དཀའ་བའི་ནོར། །དམ་ཚིག་རྫས་རྣམས་རབ་སྩལ་ཏེ། །ཆོས་ཀྱི་རྒྱལ་པོར་དབང་བསྐུར་བ། །ཐུབ་པས་མ་ཕམ་མགོན་པོར་བཞིན། །དེ་ནས་བསྟན་དང་འགྲོ་བའི་མིག །ཉིན་མོའི་དཔལ་དེ་ནུབ་གྱུར་ཀྱང༌། །བདུད་རྩིའི་འབྱུང་གནས་འདིའི་བཞུགས་པས། །ཐར་འདོད་ཡིད་ཀྱི་གདུང་བ་བསལ། །བླ་གོས་དམར་པོའི་འོད་རྡུལ་གྱིས། །ཐུན་མཚམས་ཆུ་འཛིན་ཕམ་བགྱིད་པ། །ཁམས་ཕྱོགས་ངུར་སྨྲིག་འཛིན་པ་ཀུན། །རྙེད་དང་བཀུར་སྟིས་མཉེས་པར་བྱས། །ཁྱད་པར་ལྷག་པའི་ལྷ་མང་པོ། །སྒྲུབ་ཅིང་མཆོད་པའི་ཆུ་རྒྱུན་གྱིས། །བསོད་ནམས་མྱུ་གུ་སྐྱེད་