R202: རྣལ་འབྱོར་འཇམ་དཔལ་བཟང་པོ་རྣམ་ཐར།

  • Pagination (Witness A): ༤༢༠
[A:༤༢༠]བསྲིངས་ཤིང༌། །ཐུགས་ཀྱི་རྒྱལ་མཚོ་ཡོངས་སུ་བཀང༌། །སླར་ཡང་སྒྱུ་མའི་ནོར་རྫས་ཀུན། །བསོད་ནམས་ཕུང་པོར་བསྒྱུར་བའི་སླད། །དབུས་གཙང་ལྗོངས་སུ་ཞབས་བཀོད་དེ། །མཆོད་དང་བསྙེན་བཀུར་ཅི་ཡང་བསྟབས། །བྱིན་རླབས་ཟིལ་དངར་རབ་གཡོ་བའི། །གངས་ཅན་ལྗོངས་ཀྱི་གནས་ཆེན་རྣམས། །གང་གི་དད་དང་གུས་པ་ཡི། །འདྲེན་བྱེད་སྙིམ་པས་ལེགས་པར་བཟུང༌། །མང་དུ་ཐོས་ཀྱང་ཐོས་པ་བཙལ། །གྲུབ་པར་གྱུར་ཀྱང་སྒྲུབ་ལ་བརྩོན། །རང་ཉིད་སྲིད་ཞིའི་རྩེར་འཕགས་ཀྱང༌། །བསྟན་ལ་གུས་པའི་སྲི་ཞུ་མཛད།། །།སྤྱི་དོན་གསུམ་པ་བསྟན་པའི་བདག་པོ་ཆེན་པོར་མངའ་གསོལ་ནས་བསྟན་པ་དང་སེམས་ཅན་གྱི་དོན་ཇི་ལྟར་མཛད་པའི་ཚུལ་ལ་གསུམ་སྟེ། ཐོག་མར་ཀུན་མཁྱེན་ཨེ་ཝྃ་པ་ཆེན་པོའི་ཆོས་ཀྱི་རྒྱལ་སྲིད་ཆེན་པོར་མངའ་གསོལ་ནས་བསྟན་འགྲོའི་དོན་ཇི་ལྟར་མཛད་པའི་ཚུལ། དེ་ནས་མི་བདག་སའི་ཚངས་པ་ཆེན་པོས་སྤྱན་དྲངས་ཏེ་མདོ་ཁམས་སུ་བསྟན་འགྲོའི་དོན་ཇི་ལྟར་མཛད་པའི་ཚུལ། སླར་ཡང་དབུས་གཙང་དག་པའི་ཞིང་དུ་བསྙེན་བཀུར་རྒྱ་ཆེར་བསྟབས་ཏེ་རང་གནས་གདན་ས་ཆེན་པོར་ཞབས་བཀོད་དེ་བསྟན་འགྲོའི་དོན་ཇི་ལྟར་མཛད་པའི་ཚུལ་ལོ། །དེའི་དང་པོ་ནི། སྙིགས་དུས་ཀྱི་ཐམས་ཅད་མཁྱེན་པ་འཇམ་པའི་དབྱངས་མཁྱེན་བརྩེའི་དབང་པོའི་ཞལ་སྔ་ནས་མཛད་པའི་རྣམ་ཐར་གསོལ་འདེབས་ལས། ཁྱབ་བདག་བླ་མའི་ལུང་གིས་དབུགས་དབྱུང་བཞིན། །རྒྱལ་བ་གཉིས་པའི་ཆོས་ཀྱི་རྒྱལ་ཐབས་ལ། །བགྲང་བྱ་བདུན་གྱི་བར་དུ་དབང་བསྒྱུར་ནས། །རྣམ་དག་ལམ་སྲོལ་བསྟན་ལ་གསོལ་བ་འདེབས། །ཞེས་བཀའ་སྩལ་པ་ལྟར་ཏེ། དེའང་སྤྱིར་དམ་པ་འདི་ཉིད་ནི་ནང་དུ་ལུང་དང་རྟོགས་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་ལ་དབང་འབྱོར་ཡང༌། ཕྱི་རོལ་གྱི་རྣམ་པར་གཡེང་བའི་སྤྲོས་