[A:༣༥༢]ཕེབས་ནས་བཞུགས་པ་དང༌། རྒྱུན་པར་ཆོས་ཞིག་བྱེད་པའི་དུས་ནམ་འོང་སྙམ་པའི་དགོངས་པ་ཁོ་ན་རྒྱུན་ཆགས་སུ་འཁྲུངས་པ་ལ་བརྟེན་ནས་དགུང་ལོ་དྲུག་པ་ཤིང་ཕོ་སྟག་གི་ལོར། ཡབ་ཡུམ་གྱི་སྐྱེལ་མ་ལ་སོགས་པའི་བདག་པོའི་རྐྱེན་ལ་བརྟེན་ཏེ་ས་ལ་སྤྱོད་པའི་འོག་མིན་གཉིས་པ་དཔལ་ཨེ་ཝཾ་ཆོས་ལྡན་གྱི་བླ་བྲང་ཐར་པ་རྩེར་ཕེབས། རང་ཉིད་ཀྱི་གཅེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་འཛིན་གྱི་ཞལ་སྔ་ནས་ཡེ་གེའི་ཕྱི་མོ་ནས་བརྩམས་ཏེ། ཀློག་ལ་སོགས་པ་བཀའ་ཁྲིད་ཞུས་པ་ཙམ་གྱིས་ཚེགས་མེད་དུ་མཁྱེན། དེ་ནས་བཟུང་སྟེ་ཨེ་ཝཾ་རང་དུ་བཞུགས། སྐབས་སྐབས་སུ་ཡབ་ཡུམ་རྣམས་ཀྱི་རྩར་ཡང་ལན་ཁ་ཤས་ཕེབས། ཁྱད་པར་དགུང་ལོ་བཅུ་པ་ས་རྟ་ལོར་མདོ་ཁམས་ནས་ཁུ་བོ་མཁན་ཆེན་རྡོ་རྗེ་འཆང་ཆེན་པོས་དབུས་གཙང་གི་ལྗོངས་སུ་བསྙེན་བཀུར་སྟོབ་པར་ཕྱག་མཛོད་ཡོན་ཏན་རྒྱ་མཚོ་དཔོན་འཁོར་རྣམས་གཏོང་གནང་མཛད་པ་བཞིན་བར་ཆད་མེད་པར་འདིར་འབྱོར། ཁོང་ལ་ཁུ་བོ་མཁན་ཆེན་གྱིས་རྗེ་འདི་དགེ་རྒན་ཞིག་གི་རྩར་བཞག་ན་ལེགས་ཚུལ་གྱི་ཞལ་མངགས་སྩལ་འདུག་པ་ལྟར། དགུང་གྲངས་བཅུ་གཅིག་པ་དོན་གྲུབ་ཀྱི་ལོའི་ཧོར་ཟླ་ལྔ་པའི་ནང༌། དྲུང་ཁང་དུ་མཁན་སངས་རྒྱས་གྲགས་པའི་མཆོད་དཔོན་བསོད་ནམས་ལྷུན་གྲུབ་ཀྱི་རྩར་བྱོན། དེར་ལོ་གཅིག་དང་ཟླ་བ་བརྒྱད་བཞུགས། དེའི་བར་ལ་ཨེ་ཝཾ་པའི་ཆོས་སྤྱོད་ཕྱི་ནང་ཡོངས་སུ་རྫོགས་པ་དང༌། ངན་སོང་སྦྱོང་རྒྱུད་ནས་བཤད་པའི་ཀུན་རིག་གི་ཆོ་ག་དང༌། ཛེ་ཏཱ་རིའི་ལུགས་ཀྱི་ཚེ་དཔག་མེད་ལྷ་དགུ་དང༌། མི་འཁྲུགས་པ་ལྷ་དགུ་དང༌། རྣམ་རྒྱལ་མ་ལྷ་དགུ་དང༌། བིརྺ་པའི་ལུགས་ཀྱི་གཤེད་དམར་ལྷ་ལྔ་དང༌། ཀྱེ་རྡོ་རྗེ་མན་ངག་ལུགས་ལྷ་དགུ་རྣམས་ཀྱི་ཆོ་ག་ཆ་ལག་དང་བཅས་པ་དང༌། དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པའི་རྒྱུད་བཤད་ཀྱི་སྔོན་འགྲོ་ཚུལ་གསུམ་མཛེས་པར་བྱེད་པའི་རྒྱན་དང༌། རྒྱུད་ཀྱི་མངོན་པར་རྟོགས་