R202: རྣལ་འབྱོར་འཇམ་དཔལ་བཟང་པོ་རྣམ་ཐར།

  • Pagination (Witness A): ༣༥༣
[A:༣༥༣]པ་ལྗོན་ཤིང་མཛེས་པར་བྱེད་པའི་རྒྱན་བཅས་དང༌། ཀྱེ་རྡོ་རྗེའི་རྩ་བའི་རྒྱུད་བརྟག་པ་གཉིས་པ་རྣམས་ཐུགས་འཛིན་མཐར་ཕྱིན་པར་མཛད་དེ་ཨེ་ཝཾ་བླ་བྲང་གཞུང་དུ་རྒྱུགས་འབུལ་བར་མཛད་པ་ཡིན་ནོ། །སྲིད་པའི་འབྱོར་པ་རིང་སྤངས་ཀྱང༌། །བརྩེ་བས་གཞན་དོན་ཉིད་ལ་འཇུག །ཡིད་ཅན་རྣམས་ཀྱི་ཁུར་འདི་ཡིས། །རྒྱལ་རྣམས་ཐོག་མ་ཉིད་ནས་ལྕི། །དེ་སླད་རྣམ་པར་འཕྲུལ་པ་ཡི། །ཐབས་ནི་གང་དང་གང་ཞིག་གིས། །འགྲོ་འདི་ཇི་ལྟར་དབུགས་དབྱུང་ཞིང༌། །སྙིང་རྗེའི་བསམ་གཏན་ཁོ་ནར་གཡེངས། །སྨྲ་བའི་ཉིན་བྱེད་ཕལ་ཆེ་བ། །ནུབ་རིང་ངལ་བསོ་བརྟེན་པའི་ཚེ། །རྒྱལ་ཀུན་ཡེ་ཤེས་ཟླ་བའི་གཟུགས། །ལྗོངས་འདིར་འཆར་བའི་སྦྱོར་བ་བརྩམས། །རྒྱལ་བ་རྣམས་ཀྱི་ཡེ་ཤེས་ཀྱང༌། །གང་དུ་ཆགས་པར་གྱུར་པའི་ཡུལ། །འདོད་རྒུའི་རི་མོ་རྣམ་བཀྲ་བ། །སུ་ཡིས་བྲིས་པ་ཡོང་མི་ཤེས། །དེ་ལྟའི་ཡུལ་དུ་སྨིན་ལེགས་མའི། །ལང་ཚོའི་མེ་ཏོག་འབར་བའི་དབུས། །དགེ་མཚན་སྣང་བ་བརྒྱ་ཕྲག་དང༌། །ལྷན་ཅིག་སྲིད་པ་ཡོངས་སུ་བཟུང༌། །ཐབས་ཀྱི་ངོ་བོ་འཇམ་དཔལ་དང༌། །ཤེས་རབ་རང་བཞིན་དབྱངས་ལྷ་མོ། །རྒྱལ་བའི་གཟུགས་སྐུ་བསྐྱེད་པའི་ཕྱིར། །ཡབ་ཡུམ་ཟོལ་གྱིས་འོང་མིན་ནམ། །དེ་ནས་མཛེས་སྡུག་འཁྱིལ་པ་ཡི། །ཡིད་འོང་ལྷ་མོའི་ཆུ་གཏེར་ལས། །གཟུགས་སྐུའི་པདྨོ་འཁྲུངས་པ་ནི། །གསེར་གྱི་མཆོད་སྡོང་འབར་བ་བཞིན། །དེ་མཐོང་མི་ཡི་ཡུལ་དུ་ཅི། །མཐོ་རིས་ན་ཡང་རྙེད་དཀའ་བའི། །དཔལ་འདི་གང་ནས་འོང་བ་ཞེས། །འགྲོ་བའི་མིག་ནི་ཟུམ་མ་གྱུར། །ཤིན་ཏུ་དག་པའི་མཚན་དཔེ་ནི། །ཉིན་ལས་ཉིན་བཞིན་གསལ་གྱུར་པ། །དེ་ཚེ་ལུས་ཅན་ངོ་མཚར་བས། །གཞོན་ནུའི་གསང་སྔགས་འབའ་ཞིག་བཟླ། །ཞི་ཞིང་དུལ་བའི་དྲི་བཟང་པོ༌། །ཐོག་མ་མེད་ནས་གང་སྦྱར་བ། །མཚན་དཔེའི་མེ་ཏོག་དགོད་ཙམ་ནས། །ཡིད་ཅན་བརྟན་པ་འཕྲོག་ལ་ཆས། །ཁྱོད་ཀྱི་ངེས་པར་འབྱུང་བའི་